ཟླ་འོད་འཛུམ་པའི་མཁའ་ལ་ལྟ་ཞིང་།།
རེ་དོགས་ཚིག་གི་མགུལ་རྒྱན་དཀྲིས་པའི།།
ཉམ་ཆུང་ཁེར་འགྲོ་ཕལ་བའི་མི་ཚེ།།
བསམ་ཞིང་བསམས་ན་འདི་ལས་སྐྱིད་ཅིག།
སྙན་ངག་བུ་མོའི་ཞལ་གསུང་སྒྲོག་ཅིང་།།
དྲུག་འགྱུར་ཅོ་ཀའི་མགྲིན་པ་ཐོགས་པའི།།
ངག་རིག་རྒྱལ་སྲས་སྲིད་ན་དཀོན་པས།།
མཛད་པའི་བ་དན་ཡང་ཡང་སྤེལ་སྤྲོ།།
ཁ་དོག་མཛེས་པའི་དབང་གཞུའི་གསེབ་ནས།།
དགྱེས་ཤིང་འཛུམ་པའི་རང་ཞལ་མཐོང་ན།།
ཕལ་བའི་མི་ཡིས་རྟག་ཏུ་བསྒུགས་པའི།།
རེ་བའི་སྦྲང་ཆར་འབད་མེད་སྩོལ་ཅིག།
གངས་ཀྱི་ཁྲོད་ནས་ཞབས་རྗེས་དཀར་པོ།།
སྙིང་གི་རིས་སུ་པིར་གྱིས་བྲིས་ཏེ།།
མ་རྨད་ལང་ཚོའི་དཔལ་ཡོན་གུད་ཀྱང་།།
ལུས་སེམས་ཞི་བའི་མལ་དུ་གནས་ཡོད།།
འཛུམ་ཆུང་པདྨའི་སྐྱིད་ཐང་འཚོ་བའི།།
རྒྱུ་དཔལ་འབྱོར་ཕྱུག་མི་ཆེན་མི་གྲགས།།
བལྟས་ན་དགའ་སྐྱིད་ཅུང་ཙམ་འདུག་ཀྱང་།།
སྙི་མོའི་སེམས་ལ་རྙོག་དྲ་མང་ངོ་།།
སྐབས་རེར་ཁ་ཟས་ཡོད་ཀྱང་ཆོག་ལ།།
མེད་ཀྱང་སྤྲང་པོའི་ཚུགས་ཀར་བརྟེན་ཆོག།
ཕྱི་ནང་དབེན་པའི་མི་རྐྱང་ང་ཚོ།།
གང་དུ་གནས་ཀྱང་ནང་སེམས་སྤྲོ་བ།།
ངག་རིག་ཅོང་བརྡའི་འགྱུར་ཁུག་གསོན་པོ།།
སྒེའུ་ཁུང་འགྲམ་ནས་ལྷང་ལྷང་གྲག་དུས།།
ཞེ་འདང་འོ་མའི་གཏིང་ནས་འཁྲུངས་པའི།།
སྙིང་གཏམ་ཚིག་གསུམ་ཁྱོད་ལ་གློད་ཆོག།
རི་རབ་རྩེ་ཡི་ཉི་འོད་ཕྲ་མོ།།
ཕར་ཕར་ནུབ་ཀྱི་ཕྱོགས་སུ་ཆས་ཀྱང་།།
སང་ཉིན་ཞོགས་པའི་དུས་ཚོད་བཟང་པོ།།
སླར་ཡང་འཚོ་བའི་ཁུག་ཏུ་འཆར་བས།།
དཀར་གསལ་ཟླ་བའི་མདངས་སུ་བྲིས་པའི།།
སྙན་ཚིག་དབྱངས་ཀྱི་སྐྱེམས་ཆང་མངར་མོ།།
མི་ཡུལ་ལུང་པར་རྔུབ་ཐེངས་རེ་ལ།།
ཕལ་བའི་མི་ཚེ་འོད་ཀྱིས་ཁེངས་སོང་།།
༼ ཁམས་ཟླ་སྲས། ༽
