ངེད་ཚང་གི་སྐྱོགས་འཛིན་མཁན་ཨ་མ་ལགས་ཡིན་པས་བསམ་ཞིང་བསམས་ན། སྐྱོགས་དང་ཨ་མའི་བར་འདྲ་འབྲེལ་དམ་ཟབ་ཅིག་ཡོད་པ་འདྲ། སྐྱོགས་ནི་ཁྱིམ་མི་གང་པོས་ཁ་ལྟོ་བཟེད་ས་དང་། ཚ་གྲང་མངར་སྐྱུར་ཡོད་ཚད་ལ་གདོང་གཏོད་དགོས་པ་བཞིན། ཨ་མ་ལགས་ཀྱིས་ངེད་ཚང་གི་སྐྱོགས་བཟུང་བ་ནས་ལས་དབང་དེ་འདྲ་ཞིག་ཕྲག་ཏུ་ཁུར་བ་རང་རེད།
ཨ་མ་ལགས་ནི་ངེད་ཚང་གི་སྐྱོགས་ངོ་མ་དེ་ཡིན་པ་དང་། སྐྱོགས་ལ་ལྕོགས་ཞེས་པའི་མིང་འདི་སྤྱད་ན་དེ་ལས་མཚོན་སྟོབས་ཆེ་བར་སྙམ། རྒྱུ་མཚན་ལྕོགས་ཞེས་པ་ནི་བཟང་ངན་དང་བདེ་སྡུག་གང་ཡིན་ཡང་། ཚ་གྲང་དང་འཁྱག་ལྟོགས་ཅི་ཡིན་ཡང་ཡོད་ཚད་ཁུར་དུ་ཐེག་དགོས་པའི་དོན་དུ་འདུག། ལོ་ཟླའི་ཉག་ག་གང་མང་ཞིག་བརྒལ་ཏེ་གདོང་གཉེར་གྱིས་ཡོངས་སུ་དཀྲིས་པའི་ཨ་མ་ལགས་ཀྱང་། ཀྱག་ཀྱོག་གི་ལམ་བུ་དེ་ལྟ་བུ་ཞིག་བརྒྱུད་དེ་ཡོང་བ་རེད།
ཆུང་དུས་ཨ་མ་ལགས་ཀྱིས་བཟུང་ཡོད་པའི་སྐྱོགས་དེ་ནི་གསང་བ་ལྐོག་གྱུར་ཞིག་སྟེ། དེ་ནང་གི་ཁ་ཟས་དག་ལ་ཏག་ཏག་ཞིམ་མངར་རྫོགས་པའི་ངེས་པ་མེད་ཀྱང་། སྐྱོགས་དེའི་དྲིན་གྱིས་ང་ལ་ལྟོགས་སྣང་གཏན་ནས་སྐྱེས་མ་མྱོང་། སྐྱོགས་དེའི་ནང་གི་བཅུད་ཀྱི་ཐིགས་པ་རེ་རེ་ཨ་མའི་དཀའ་སྡུག་གི་རྔུལ་ཆུ་རེ་དང་བརྗེས་ཡོང་བ། ངས་དེ་དུས་ཤེས་རྟོགས་བྱེད་མ་ཐུབ། ཨ་མས་སྐྱོགས་དེ་ཡར་འདེགས་བཞིན་ཁྱིམ་མི་དག་ལ་ཟ་མ་འདྲེན་པའི་གོ་རིམ་རེ་རེས། མོའི་རྒྱུད་ཀྱི་ལང་ཚོའི་སྣང་བ་དང་མཛེས་སྡུག་གི་ཆ་རེ་ལ་ཁ་དོག་སྐྱ་བོ་ཞིག་སྣོན་བཞིན་ཡོད་པ་ངས་དེ་དུས་ཤེས་མ་ཐུབ། ཡིན་ཡང་ངའི་བྱིས་སེམས་ངོགས་སུ་ཨ་མ་ལགས་དང་འབྲེལ་བའི་དྲན་པ་ཅི་ཡང་མེད་པ་མིན་ཏེ། མོ་ཡོད་པས་ང་ལ་ཁྱིམ་ཚང་ཞིག་གི་དྲོད་ཁོལ་ཡོད་ཅིང་། མོ་ཡོད་པས་ངས་རླབས་ཆེན་གྱི་བརྩེ་བ་ཞིག་ཀྱང་ཚོར་མྱོང་བ་ཡིན། དེ་ནི་བྱིས་པ་ཞིག་ལ་མཚོན་ན་ཨ་མ་ནི། ཁོའམ་མོའི་འཇིག་རྟེན་གྱི་དཀྱིལ་སྙིང་དང་སྲོག་ཤིང་ཡིན་པ་བཞིན་ང་ཡང་དེ་ལས་མ་འདས།
ངའི་དྲན་ངོགས་སུ་ངེད་ཚང་ལ་ཚལ་སྐྱོགས་དང་འབྲས་སྐྱོགས། མངར་སྐྱོགས་དང་སྐྱུར་སྐྱོགས་ཞེས་དབྱེ་བར་བཀར་རུང་བའི་སྐྱོགས་མང་པོ་མེད་ཅིང་། སྐྱོགས་གཅིག་གིས་ཡོད་ཚད་ཀྱི་དོན་བྱེད་དགོས་པ་བཞིན། སྐྱོགས་འཛིན་མཁན་གྱི་ཨ་མ་ལགས་ཀྱིས་དེ་དང་དེ་བཞིན་འཁོར་བ་ཆུང་ཆུང་ཞིག་གི་ཕྱི་ནང་གཉིས་ཀ་ཐེག་དགོས། བསམ་ཤིང་བསམས་ན་ཨ་མ་རེ་ནི་ཁྱིམ་ཚང་རེའི་སྐྱོགས་ཡིན་པ་དང་། ཁོ་ཚོ་ལོ་ཟླའི་བདར་ཟད་ཀྱི་བར་ནས་ཡོངས་སུ་ཉམས་དམན་དུ་གྱུར་ཀྱང་། ད་རུང་སྐྱོགས་ཤིག་གི་ཚུགས་ཀ་འཆོར་མི་སྲིད་ལ། སྐྱོགས་ཤིག་གི་འཕྲིན་ལས་འཆད་མི་སྲིད།
རེད་ཨང་། ཨ་མ་ལགས་ཀྱིས་ཅི་ཡང་མི་ཤེས་ཏེ། ཨ་མ་ལགས་ནི་སྐྱོགས་བཟུང་ཤེས་པའི་ཡིག་རྨོངས་པ་ཞིག་རེད། ཨ་མ་ལགས་ཀྱིས་རང་དབང་གླེང་མི་ཤེས་ལ་འདྲ་མཉམ་བརྩད་མི་ཤེས། དེ་བཞིན་ཡར་འགྲེངས་ཏེ་གནས་ལུགས་བཤད་མི་ཤེས་ཤིང་རང་གི་ཅི་ཞིག་བྱས་པ་དག་རྩིས་སྤྲོད་ཀྱང་བྱེད་མི་ཤེས། ཨ་མ་ལགས་ཀྱིས་ཤེས་པ་ནི་ཆེས་གླེང་རིན་མེད་པ་ཞིག་སྟེ། ཟ་མ་བཟོ་ཤེས་ཤིང་སྐྱོགས་འཛིན་ཤེས། དེ་དང་དེ་བཞིན་ས་ཞིང་འདེབས་ཤེས་ལ་ལྕི་འདམ་རྫི་ཤེས། ལྕགས་ཁེམ་འཛིན་ཤེས་ལ་ས་རྡོ་ལས་ཤེས། ཨ་མ་ལགས་ཀྱིས་ཤེས་པ་དག་ལ་དབྱིབས་དང་ཁ་དོག་མེད་ཅིང་། ཁེ་གྲགས་དང་འུར་སྒྲོག་མེད། རེ་འགའི་བཤད་སྟངས་བྱས་ན་ཨ་མ་ལགས་ཀྱིས་ཐ་ན་མི་སྒེར་གྱི་ཁེ་ཕན་དང་རྩིས་ཐང་ཙམ་ཡང་བསྲུང་མི་ཤེས།
སྔོན་ཆད་ཅིག་ལ་ཨ་མ་ལགས་ཀྱང་ཁྱིམ་ཚང་ཞིག་གི་གཅེས་ཕྲུག་ཡིན་མྱོང་ཞིང་། ལང་ཚོ་ཅན་གྱི་མོ་གཞོན་ཞིག་ཀྱང་ཡིན་མྱོང་། ཡིན་ཡང་ཨ་མ་ལགས་ཀྱིས་ངེད་ཚང་གི་སྐྱོགས་བཟུང་བ་ནས། མོའི་མི་ཚེའི་ས་ཚིགས་གཞན་དག་ཅིག་གི་དབུ་ཁྱུད་བྲིས་པ་སྟེ། དེ་ནས་ཁྱིམ་ཚང་ཞིག་གི་ཆེད་དུ་ལུས་སེམས་གཉིས་ཀྱི་ནུས་ཤུགས་ཡོད་ཚད་བཀོལ་ཏེ་འཚོ་བ་རོལ་དགོས་པ་དེ་རེད། དེ་ནས་བཟུང་མོ་ནི་ལོ་ཟླའི་གངས་ཆར་རླུང་གསུམ་ལ་བཟོད་པའི་ངར་ལྕགས་ལྟ་བུའི་མི་ཞིག་ཏུ་གྱུར་པ་དེ་རེད། དེ་ནས་བཟུང་ཨ་མ་ལགས་ཀྱིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་རེ་རེར། སྐར་མ་ལ་ཞྭ་དང་བ་མོ་ལ་ལྷམ་བྱས་ཏེ་འཚོ་བ་རོལ་ཡོང་བ་རེད།
ད་ནི་ལོ་དྲུག་ཅུའི་ཐེམ་པ་བརྒལ་ཟིན་པའི་ཨ་མ་ལགས་རྒས་ནས་འདུག། མོའི་ལག་གི་སྐྱོགས་དེ་ཡང་ཁ་ཆག་སྣ་རལ་དུ་གྱུར་ཏེ་སྔོན་ཆད་ལྟ་བུ་སྲ་བརྟན་དང་མཛེས་སྡུག་གི་ཆ་དག་ཅི་ཡང་མི་མངོན། ཡིན་ཡང་སྐྱོགས་དེས་རང་ལ་དབང་བའི་དུས་ཚོད་ཡོད་ཚད་ཁྱིམ་ཚང་འདིའི་དོན་དུ་ཕུལ་ཟིན་ཅིང་། སྐྱོགས་དེ་ལ་བརྟེན་ཏེ་ང་ཚོ་མིང་སྲིང་བཞི་པོ་ནར་སོན་ཡོང་བ་ཡིན། ད་ནི་སྐྱོགས་དང་དེ་འཛིན་མཁན་གྱི་ཨ་མ་ལགས་ལ་བཀའ་དྲིན་ཞིག་ཞུ་དགོས་ཀྱང་ངོ་ཚ་བ་ཞིག་སྟེ། མ་གཞི་སྒེར་གྱི་སྐྱིད་སྡུག་ཕྲན་ཙམ་ཡང་བློས་མི་གཏོངབའི་ཁོ་བོར། ཨ་མ་ཞིག་དང་འབྲེལ་བའི་བརྗེད་ཐོ་འདི་འབྲི་བའི་ཐོབ་ཐང་མེད་ཚོད་ཡིན།།
༼ ཞོགས་རྫ་རྔ། ༽
