国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣང་གླུ་སྲིད་པའི་ འགྱུར་ཁུག།

སེམས་སྐྱོ་བའི་ངང་ཚུལ་སེམས་སུ་མ་ཤོང་བ།།

ཕྱི་ཡུལ་གྲུ་དེ་རུ་ཚོར་བའི་འདུན་མ་ཆགས།།

ལས་བཀོད་པ་གཅིག་གི་དབུ་ཁྱུད་བྲིས་པ་ནི།།

ནང་སྣང་བ་འགུལ་བའི་འདུ་ཤེས་ཡིད་སྲིད་དོ།།

ཡིད་སྐྱོ་ཤས་འདྲེན་པའི་ལོ་ཟླའི་སྣང་ཚུལ་འདི།།

ཡིད་བཅོས་མིན་ལམ་ནས་འཚོ་བའི་རྨི་ལམ་རྨིས།།

ཡིད་དགའ་ལ་སྐྱོ་བ་སྣང་ཞིང་སྲིད་པའི་ཁྲོད།།

ཡིད་སྐད་ཅིག་ལམ་ནས་གྱུར་དང་འགྱུར་ལ་བྲེལ།།

ཚིག་འཁྲུལ་བ་ཡོད་ཚད་བརྗོད་པས་སྟོང་ཞིང་བྲལ།།

དོན་སྙིང་པོའི་ཀློང་དུ་རྣམ་རྟོག་འཚང་ཁ་གཤིབ།།

ཞེ་ལྷོད་ལ་ཕབ་པའི་ཉིན་མཚན་གཉིས་ཀའི་གསེང་།།

ཞེ་སྣང་བའི་མཐའ་རུ་ཚོར་འདུ་རང་འཁྱིལ་བྱུང་།།

ཡེ་སྤྲོས་ཚོགས་བྲལ་ནས་འདུ་ཤེས་གཏིང་རིང་བ།།

གཟོད་སྣང་བའི་ངོ་བོ་ཞི་ལྷོད་འགྲོས་དང་མཐུན།།

དུས་གློ་བུར་ཞིག་དང་མཇལ་ནས་འཕྲད་པ་ལས།།

བདག་ལེགས་སུ་འདོད་ཀྱང་འདོད་པ་ཤིན་ཏུ་དཀའ།།

ཉམས་ཅི་འདྲ་མཛེས་ཤིང་བདེ་བའི་སྤྲོ་གར་ལས།།

ལོ་ཟླ་བའི་གསེང་ནས་འཚོ་བའི་ལན་ཆགས་ཐོགས།།

ཞེ་གཏིང་རིམ་ཀློང་དུ་ཚོར་བའི་རླབས་འཁྱིལ་ཏེ།།

ལས་དམར་རྗེན་དེ་ཡང་སྙིང་པོའི་དོན་དུ་སྒོམ།།

ཚིག་སྤྲོས་པ་ཇི་སྙེད་ལས་རླུང་དབར་དུ་འཚང་།།

ཡུལ་ཆ་མེད་རྒྱུས་མེད་སེམས་སུ་འབྲེལ་བྲལ་བ།།

སྐྱོ་སྨྲེང་བ་ཁུར་བའི་ལས་མཐུན་ཟླ་བ་ཡང་།།

མཚན་མུན་པའི་གཞུང་དུ་མག་མོག་ངང་དུ་རྒྱུད།།

དུས་འགྱུར་བའི་ལམ་དུ་སྣང་བར་རང་ཚུགས་ཟད།།

མཐའ་མེད་པའི་སྲིད་པ་སྒྱུ་མའི་འགྲོས་དང་ཉེ།།

ངག་རིང་མོས་གླེང་ཡང་མཐའ་དང་གཏིང་མེད་པ།།

ཞེ་ཚོར་བའི་འདུ་འབྲལ་གློ་རྡེག་དུས་ཀྱིས་མྱོང་།།

རྒྱང་ཁ་ཐག་རིང་ཐུང་སེམས་དང་སེམས་པ་ཡིན།།

སེམས་དམ་ཚིག་ལྷོད་ན་གང་ཡོད་སྐྱིད་ཀྱིས་སྟོང་།།

སྐྱིད་སྣང་བ་ཡོད་མེད་སྔོན་མའི་ལས་དབང་སྙམ།།

ལས་སྟངས་སྟབས་ཁྲོད་དུ་འཚོ་བའི་ན་ཚོད་རྫོགས།།

༼ ཁམས་འོད་གསལ། ༽