ཉེ་ཆར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང》ལག་ལེན་ཐོག་མར་བསྟར་བའི་ཉིན་དེར2026ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་གཙོ་རའི་བྱེད་སྒོ་ནང་སོག་ཧུའུ་ལུན་པེ་ཨེར་དུ་སྤེལ་བ་རེད། གཙོ་དོན་ནི་ཀྲུང་གོའི་ལུགས་དེང་རབས་ཅན་གྱི་ལྗང་མདོག་གི་རང་མདངས་སྐྱོང་ཞེས་པ་དེ་རེད།
གཙོ་རའི་བྱེད་སྒོར་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་འཁོར་རྒྱུག་དཔལ་འབྱོར་གྱི་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། གུང་གཞོན་ཚོགས་པའི་ཀྲུང་དབྱང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ། རྒྱལ་ཁབ་ནགས་རྩྭ་ཅུས་དང་ནང་སོག་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་བཅས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་བསྐུལ་བའི་འབྲེལ་ཡོད་བཅའ་ཁྲིམས་སྲིད་ཇུས་གསལ་འགྲེལ་བྱས་པ་དང་། མངའ་ཁོངས་དེ་ག་དང་ཡང་ན་ས་ཁུལ་དེ་གའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་བསྒྲགས་ཏེ། མཛེས་པའི་ཀྲུང་གོ་བསྐྲུན་པའི་གྲུབ་འབྲས་གང་ལེགས་མངོན་པ་རེད། འབྲེལ་ཡོད་ལས་རིགས་མཐུན་ཚོགས་ཀྱིས2026ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་སྦག་མེད་ཐཱན་ཉུང་བྱ་སྤྱོད་ཀྱི་གྲོས་འགོ་བསྒྲགས། སྤྱི་ཚོགས་ཕྱོགས་ཁག་གིས་སྦག་མེད་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་ལག་གདང་སྦྲེལ་ནས་མཛེས་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུའི་སྐུལ་སློང་བྱས་པ་རེད། གཞི་རིམ་འཐུས་ཚབ་དང་ས་གནས་འཐུས་ཚབ། རྒྱལ་སྤྱིའི་རྩ་འཛུགས་འཐུས་ཚབ་བཅས་ཀྱིས་སྐྱེ་ཁམས་ཀྱི་ཤེས་དཔལ་འཛུགས་སྐྱོང་གི་གཞི་རིམ་གཏམ་རྒྱུད་དང་སྐྱེ་ཁམས་ཀྱི་ཤེས་དཔལ་འཛུགས་སྐྱོང་གི་ཉམས་མྱོང་། ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྦག་མེད་འཕེལ་རྒྱས་འདུ་ཤེས་ཀྱི་རྒྱལ་སྤྱིའི་དོན་སྙིང་སོགས་གཙོ་དོན་ལ་དམིགས་ནས་སྤེལ་རེས་དང་མཉམ་སྤྱོད་བྱས་པ་རེད།
གཙོ་རའི་བྱེད་སྒོར་ད་དུང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕན་འབྲས་དང་སྐྱེ་ཁམས་ཐོན་རྫས་འོས་སྦྱོར་ཆེད་ཁུལ་བཙུགས་ཏེ། ས་ཁུལ་ཁག་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཉམས་མྱོང་བྱེད་ཐབས་དང་ཕན་འབྲས་གཅིག་བསྡུས་ཐོག་སྟོན་པ་དང་། ས་ཁུལ་ཁག་གི་མཚོན་བྱེད་རང་བཞིན་གྱི་སྐྱེ་ཁམས་ཐོན་རྫས་འོས་སྦྱོར་བྱས་པ་རེད།
2026ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་གཙོ་རའི་བྱེད་སྒོ་དེ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཁག་དང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་མཉམ་དུ་སྤེལ་བ་རེད། ཉིན་དེར་ས་གནས་ཁག་གིས་བྱེད་སྒོའི་གཙོ་དོན་ལ་དམིགས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བྱེད་སྒོ་སྤེལ་ཏེ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སློབ་སྦྱོང་དང་ལག་ལེན་བསྟར་ཞིང་། སྐྱེ་ཁམས་ཤེས་དཔལ་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་པ་དང་། སྦག་མེད་ཐཱན་ཉུང་གི་འཚོ་བ་སྤྱོད་སྟངས་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་ལ་བརྩི་མཐོང་བྱེད་པའི་དར་སྲོལ་བཟང་པོ་ཆགས་པར་བསྐུལ་བ་རེད།།
( བདེ་ཆེན་གྱིས་བསྒྱུར།)
