སྤྱི་ཟླ8པའི་ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད12དང་སྐར་མ6གི་ཐོག། སེར་ཤུལ་རྫོང་ཁྲོ་ཤུལ་འགབ་མ་ཡུལ་ཤོག་མངག་གཏོང་ཁང་གི་ལས་བྱེད་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་སྐོར་གཡེང་བྱེད་དུས་སྨད་ཆུང་གྲོང་སྡེའི་ལམ་མཚམས་སུ་ཤྭ་སྐྱ་ཁྱུ་གཅིག་དང་འཕྲོད། ཤྭ་སྐྱ་ཁྱོན་བསྡོམས180ལྷག་གིས་ཆུ་བོ་དང་ལམ་ར་བརྒལ་ནས་རྩྭ་ཐང་དུ་གནས་སྤོ་བཞིན་ཡོད་པ་མཐོང་། དེ་ལས་རི་ཀླུང་གི་སྐྱེ་ཁམས་ལེགས་པ་དང་ཆུ་ཁུངས་ཕུན་སུམ་ཚོགས་པ། མཐོ་སྒང་རི་ཁུལ་གྱི་སྐྱེ་ཁམས་མ་ལག་རྒྱུན་མཐུད་ངང་འཁོར་རྒྱུག་བཟང་པོའི་རྣམ་པར་གནས་ཡོད་པ་ཐད་ཀར་བདེན་དཔང་བྱས་ཐུབ།
ཤྭ་སྐྱ་ནི་རང་རྒྱལ་ལ་དམིགས་བསལ་དུ་ཡོད་པའི་ཤྭ་བའི་རིགས་རྩ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་ཡུལ་གཙོ་བོའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་རེད། གཙོ་བོ་མཚོ་འཕགས་སྨི3500ནས5100བར་གྱི་མཐོ་སྒང་རྩྭ་ཐང་དང་རི་ཁུལ་གྱི་ནགས་རྫོབ་ཁུལ་དུ་འཚོ་སྡོད་བྱས་ཡོད།
ཉེ་བའི་ལོ་ཤས་རང་། སེར་ཤུལ་རྫོང་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ཤིང་ལག་ལེན་བསྟར་ནས་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་རྒྱུན་མཐུད་དམ་འཛིན་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་རི་སྐྱེས་སྲོག་ཆགས་འཚོ་གནས་ཁུལ་ལ་སྐོར་སྲུང་དང་། དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཞིང་སྲུང་སྐྱོང་བྱ་ཐབས་ཁག་དོན་ལ་འཁྱོལ་ཏེ་རི་སྐྱེས་སྲོག་ཆགས་དང་། རྩི་ཤིང་གི་འཚོ་གནས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཕན་འབྲས་ཐོན་པ་དང་རི་དྭགས་ཡང་ཇེ་མང་ནས་ཇེ་མང་དུ་གྱུར།།
( ལྷ་འཛོམས་ཀྱིས་བསྒྱུར།)
