国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྩེ་གདུང་གི་མེ་སྟག་།

ངེད་གཉིས་སོང་སའི་ཟ་ཁང་སྤོས་མི་འདུག།

ཉི་མས་འཚིག་པའི་སྒོ་བྱང་བརྗེས་མི་འདུག།

དེ་དུས་རྟེན་འབྲེལ་ཡག་སོང་སྙམ་པའི་མིང་།།

"ཚེ་རིང་འཕེལ་རྒྱས"མིག་སྐྱ་ལོག་ལོག་ཏུ།།

རང་གི་རོགས་པ་ག་པར་ཡོད་དམ་ཞེས།།

ཉེས་ཅན་བཞིན་དུ་བདག་ལ་འདྲི་རྩད་བྱེད།།

དམ་བཅའ་འདུས་བྱས་ཡིན་པས་ཤོར་སོང་ཟེར།།

ཁོ་བོས་ཁ་གཡར་བཙལ་ཅིང་འགན་གཡུགས་ཏེ།།

ནོར་འཁྲུལ་འགེབས་སྲུང་བྱའམ་ཡང་ན་ནི།།

སྐུ་མཁྱེན་བདག་གིས་ཉེས་སོང་གོ་སྐབས་གཅིག །

གནོངས་དང་རྗེས་སུ་གཅེས་སྤྲས་ལྡབ་འགྱུར་གྱིས།།

བརྩེ་དགའ་ཆེན་པོར་འགྲོགས་ཞེས་མནའ་སྐྱེལ་ལམ།།

འོན་ཀྱང་ཡིད་འོང་ལོ་ཟླ་ལྟག་འགྲོས་མེད།།

མདོག་ཉེས་དུས་ཚོད་འབུད་རྒྱག་འགྲོ་ས་མེད།།

ཡོད་ཚད་ཐལ་རྡུལ་བཞིན་དུ་ཡལ་ཚར་བས།།

ཡང་བསྐྱར་སྔོག་པའི་དགོས་པ་ཆུང་ན་ཡང་།།

མཐར་ཕྱིན་དུས་ཚོད་དྲུག་པའི་དུས་ཁུག་འདིར།།

དྲན་གདུང་རླབས་རྩེར་འཁྱུག་ཙམ་འཁྱུག་ཙམ་བྱེད།།

ལོ་དེའི་དཔྱིད་ཀ་སློབ་གླིང་ནང་གི་ཁྱོད།།

ཡི་གེས་ཐང་ཆད་རྒྱུགས་ལ་ཞེད་ནས་ཡོད།།

ལོ་དེའི་དཔྱིད་ཟླར་བརྩེ་སྒྲུང་དབུ་ཁྱུད་བྲིས།།

ལོ་དེའི་དཔྱིད་ཀར་རེ་སྨོན་མེ་ཏོག་འཛུམ།།

དགའ་སྐྱོའི་ཚོར་བ་འཕྲིན་སྐྱེལ་ཕོ་ཉར་བཅོལ།།

སྐད་འཕྲིན་སྒོ་མོ་ནངས་རེ་དགོང་རེ་བརྡུངས།།

མཛའ་དུང་སྲིང་བའི་གོ་རིམ་ཡིན་ཁུལ་གྱིས།།

གཏམ་གྱི་བུ་རམ་ཚིམ་པའི་ཚོད་དུ་སྟེར།།

བློ་དཀར་གཞུང་དྲང་ཡིན་པའི་ཟོལ་ཡང་བསྟན།།

ཐོག་མའི་ལྷན་འཛོམས་མུན་པའི་ངོགས་ནས་བྱུང་།།

སྟོད་ཐུང་དཀར་པོ་མངགས་བཟོ་གྱོན་ནས་ཡོད།།

ཞལ་ངོ་ཚོས་ཀྱིས་ཅུང་ཙམ་བཅོས་འདུག་སྙམ།།

ངོ་ཚ་ཆེ་བས་ཚུར་སྤྱལ་མི་ལྟ་ཞིང་།།

གང་འགྲོའི་དྲིས་ལན་ཁྱད་མེད་ཙམ་དུ་ཟད།།

དེ་ནས་མཉམ་པོར་ཟ་ཁང་འགྲོ་རྒྱུ་བྱས།།

ལམ་ཟུར་ཐོག་ཁའི་ཆ་མེད་ཟ་ཁང་ཕྱིན།།

ཞིམ་པའི་བཟའ་བཏུང་མཐུན་པའི་གཏམ་གླེང་རྗེས།།

ཕྱི་རོལ་ཡུལ་ནས་ཕྱི་མིག་ཐག་སྣེ་རུ།།

སྒོ་བྱང་ཡིག་ཆེན་ཚེ་རིང་འཕེལ་རྒྱས་ཐོགས།།

གཏན་འདུན་ངེས་པའི་རྟེན་འབྲེལ་འགྲིག་སྙམ་དགའ།།

ཕྱི་ཉིན་ཁྱོད་རང་བར་སྐོར་བརྐྱངས་ཕྱག་བྲེལ།།

ངས་ནི་དུས་འགྱངས་སྐད་ལན་མ་ཡོང་ནས།།

སྒུག་མི་བཟོད་པའི་བྲེལ་འཚུབ་སེམས་པ་ཡིས།།

བསྐུལ་བའི་འཕྲིན་པ་ཡང་ཡང་བཏང་ནས་ནི།།

ཁྱོད་ལ་འཚུབ་ཆ་བསླངས་པ་དྲན་ནམ་ལགས།།

དེ་དུས་ཁྱོད་ལ་སྐད་ཆ་མང་པོ་མེད།།

སྙིང་གཏམ་ཡིན་ལ་སློབ་གསོ་འདྲ་བའི་ཚིག །

ང་ཡིས་མང་པོ་མང་པོ་བཤད་པ་ལ།།

སུན་སྣང་མེད་པའི་ཁྱོད་ཀྱིས་གཟབ་ཉན་བྱེད།།

མཚམས་མཚམས་ཧ་ཧ་གད་མོ་ལྷུག་ལྷུག་དགོད།།

དེ་འདྲའི་ངང་ལ་འདོད་འདུན་ཕོ་ཉ་མོས།།

བསྐུལ་བའི་སྙིང་གཏམ་དམར་པོ་བཙག་མདངས་ཅན།།

མངོན་སུམ་བྱུག་རེས་བྱས་ཤུལ་མེད་ནའང་།།

སྙིང་གི་ཤོག་ངོས་མཛའ་དུང་གཡུང་དྲུང་རིས།།

མ་བྲིས་རང་བྱོན་སྐུ་བཞིན་རྣམ་པར་བཀྲ།།

དེ་ལྟར་འཆམ་མཐུན་ཞི་བདེའི་འཚོ་བ་ཡི།།

བདེ་སྐྱིད་བདོ་བའི་ལོ་ཟླ་མང་ཙམ་བསྐྱལ།།

ཡིན་ཡང་སྐྱིད་སྡུག་རྒྱབ་ཏུ་ཁུར་རེས་ཀྱིས།།

མི་ཚེའི་ལ་ལུང་བརྒལ་ལ་ལས་བསོད་ཀྱི།།

རྒྱ་གྲངས་མ་ལོངས་བར་ཆད་བཙན་པོ་ཡི།།

དབང་སོང་མཛའ་བརྩེའི་ཆུ་རྒྱུན་སྐྱོང་སྐལ་ཆད།།

གྱེས་བྲལ་བདེ་མོ་བཞག་ནས་ལོ་ཡང་འཁོར།།

ཕན་ཚུན་བརྡ་རྟགས་ཆད་ནས་དེ་ཙམ་འགོར།།

ཨང་གྲངས་བློ་ལ་ཡོད་ཀྱང་སྟོང་པ་རེད།།

དྲན་གདུང་ཆུ་ལྟར་ཁོལ་ཀྱང་ཅི་ཞིག་བྱ།།

དེ་རིང་གློ་བུར་འདི་ལྟར་དྲན་པ་ལ།།

ཨང་གྲངས་བློ་ལ་ཡོད་ཀྱང་མནན་སྤོབས་བྲལ།།

སྐད་འཕྲིན་མཐོང་སར་ཡོད་ན་དགའ་བ་ལ།།

གྲོགས་ཚོམས་ནང་ལ་འཆམ་འཆམ་འཁྱུག་ཙམ་གྱིས།།

འཁོར་བ་བསྐྱངས་མིན་རྩད་ཆོད་ཁ་གསལ་ཡོང་།།

དྲན་གདུང་མོ་ལ་ཞུས་ན་སྟབས་ཀྱང་བདེ།།

དྲན་གདུང་ནམ་མཁར་སྤུར་བར་རླུང་ཆུང་གི།།

དྲན་གདུང་གྲུ་ལ་བསྐུར་ན་ཆུ་དལ་གི།།

དྲན་གདུང་ཆང་ལ་བཅོལ་ན་ས་ག་ཟླར།།

ལས་ཀྱི་ལྡུམ་རར་སྡིག་པའི་མྱུ་གུ་འབུས།།

ཉེས་མེད་ཁྱོད་ཀྱང་ཐག་ཞོར་འབྲེང་འདྲུད་བྱེད།།

དྲན་གདུང་ཡིག་འབྲུར་བརྒྱུས་ཀྱང་མཐོང་དཀའ་བས།།

ཉིད་ཀྱིས་ཐོས་བསམ་གྲུ་ཆུང་གཏང་སའི་གནས།།

སློབ་ཆེན་རིག་པའི་གླིང་གར་ལྒང་རྩེད་དང་།།

ཕྱི་དྲན་མེ་ཏོག་སྒྲུག་པར་ལན་གཅིག་ཆས།།

དེས་ཀྱང་ཨེན་ཙམ་ཕན་པའི་སྣང་བ་སྐྱེས།།

སྔར་བཞིན་བདེ་ལེགས་ཡིན་ནམ་ལུས་ཕྲ་མ།།

སློབ་མས་ཁ་ལ་ཉན་ནམ་མཁྱེན་ལྡན་མ།།

ལུས་ངལ་སེམས་ཚེགས་ཆེའམ་ཧུར་བརྩོན་མ།།

འཚོ་བར་སྤྲོ་སྣང་མོད་དམ་འཛུམ་ཆུང་མ།།

ལོ་ཟླས་གཉེར་རིས་བྲིས་སམ་བབ་ཆགས་མ།།

འཁོར་བས་སྡུག་པོ་བཏང་ངམ་གཞུང་དྲང་མ།།

༼ ལུག་རྫི། ༽