国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བློ་གསལ་གཞོན་ནུར་སྐུལ་བའི་དྲིལ་ཆུང་།

ཀ་མད་སུམ་ཅུ་ངག་ན་ཟློ་བའི་བློ་གསལ་བུང་བའི་

ཁྱུ་ཚོགས་ཀྱེ།།

ཁ་བ་རུ་བའི་ཕུགས་རྒྱང་བསམ་ན་ལེ་ལོ་བདུད་ཀྱི་

བྲག་རི་གཏོར།།

ག་ལེར་རྩིང་སྤྱོད་སྙིགས་བཞིན་དོར་ཏེ་རང་ནུས་

ཅི་ལྕོགས་རྩལ་སྤྲུག་སྒོས།།

ང་ཅག་རིག་གཞུང་འོ་མཚོ་གཞིབ་ལ་བརྩོན་པའི་

གོ་ཆ་ཁུར་ཏུ་བཞེས།།

ཅ་ཅོའི་འདུ་འཛི་གྲོགས་སུ་བསྟེན་ན་རྣོ་དབལ་རིག་པའི་

སོ་ཁ་ཉམས།།

ཆ་རྐྱེན་འཛོམས་པའི་གོ་སྐབས་བོར་ན་

ཤེས་ཡོན་བདུད་རྩི་ཐོབ་པ་དཀའ།།

ཇ་ཆང་གོས་བཟང་དྲོད་འཇམ་ལྡན་ཡང་བརྩོན་པའི་

འཁོར་ལོ་མ་བསྒྱུར་ན།།

ཉ་རྒྱས་ཟླ་ལྟར་གོང་མཐོར་སྙེག་པའི་ལང་ཚོའི་

གཟི་མདངས་བག་ལ་ཞ།།

ཏ་ལའི་འདབ་ལྟར་ཤེས་བྱ་ཀུན་ལ་

བློ་གདེང་རྙེད་པའི་དམིགས་སོ་བྲལ།།

ཐ་ཆད་ངན་པའི་ར་རིའི་གོམས་གཤིས་

མི་གཙང་སྙིགས་བཞིན་རབ་དོར་ཏེ།།

ད་ལྟའི་སྔོན་ཐོན་སློབ་གསོའི་ལོ་ཏོག་བཙས་མ་རྔ་

ལྟར་འདུར་རྒྱུག་རེམ།།

ན་ཚོད་ཕྲ་བའི་དུས་ཀྱི་ལང་ཚོ་གསེར་ལས་དཀོན་པར་

ངོས་ཟིན་ཏེ།།

པ་ཕའི་བུ་ལོར་རྒྱན་དུ་ངོམ་པའི་རིན་བྲལ་ཡོན་ཏན་

གཟུངས་གཞུག་གཙིགས།།

ཕ་མེས་སྲོལ་བཟང་སྲོག་ལྟར་སྐྱོང་བའི་

འགན་འཁྲིའི་འདུ་ཤེས་སྙིང་ལ་ཆོངས།།

བ་ཕྱུགས་ནང་བཞིན་དམིགས་པ་བྲལ་པའི་

རྨོངས་རྟུལ་ཆ་བྱད་རབ་སྤྱུགས་ཏེ།།

མ་ཕམ་མ་འཁུམ་བརྩོན་པའི་སྤོབས་སེམས་

ལྕགས་དབྱུག་བརྡར་བའི་ངང་ཚུལ་དང་།།

ཙ་རིའི་གནས་ལ་ཞབས་པད་བསྒྱུར་བའི་

ཞུམ་མེད་དཔའ་སྤོབས་གཟེངས་སུ་སྙོགས།།

ཚ་གྲང་ཁྱད་བསད་ཐོན་མིའི་དཀའ་སྡུག་དང་

དུ་ལེན་པའི་ནུས་མཐུ་དགོས།།

ཛ་དྲག་འགྲན་རྩོད་རླབས་ལྟར་འཕྱོ་བར་

མི་འཇིགས་སེང་གེའི་ཟིལ་རྔམ་མཁོ།།

ཝ་མོའི་གཡོ་སྒྱུའི་ཆ་བྱད་རྫོབ་པོ་རིགས་མཐུན་

ཡིན་ཡང་སྡང་སྲིད་པས།།

ཞྭ་ཡི་ཏོག་ལྟར་མཛེས་པའི་དཔལ་དུ་

མཛའ་མཐུན་ལག་རྡང་དམ་རྒྱུ་གཙོ།།

ཟ་འཐུང་འབའ་ཞིག་དོན་དུ་གཉེར་བའི་

ཐ་ཤལ་བྱོལ་སོང་སྤྱོད་ངན་དོར།།

འ་འུར་རྣམ་གཡེང་ལེ་ལོ་ཡོངས་སྤངས་བཟང་ངན་

སྤུ་རིས་རབ་ཕྱེ་སྟེ།།

ཡ་རབས་དམ་པའི་མིག་དཔེར་བསྟན་ཏེ་

ལུགས་དང་མཐུན་པའི་སྤྱོད་བཟང་གིས།།

ར་མ་ལུག་གི་མུན་པས་བསྒྲིབས་པའི་སྲོལ་ངན་

དར་ནག་ཡོངས་ཕྱིས་ཏེ།།

ལ་རྒྱ་ཁ་མིན་ལག་ལེན་དངོས་ལས་རང་སོའི་

འགན་འཁྲིར་འབད་ཙ་ན།།

ཤ་ཚ་ཆེ་བའི་རིགས་ཞེན་ཁོག་དཔུང་

མ་ཉམས་རང་མདངས་འོད་དུ་སྦྲུམ།།

ས་ཕྱོགས་ངེས་མེད་གང་དུ་འགྲིམས་ཀྱང་

ཁྱད་ཆོས་ནོར་བུ་ཆར་དུ་བསྙིལ།།

ཧ་ཅང་དྲང་བའི་གཏམ་གྱི་འཁོར་ལོ་རྦབ་རྡོའི་

ཚུལ་བཞིན་འདྲིལ་བ་ལ།།

ཨ་ནུ་གཞོན་པས་ཡིད་ངོར་འཆང་ན་

སྐྱོན་སེལ་སྨན་དུ་འགྱུར་བར་རེ།།

༼ སྟག་རིག་འབྲུག་ཐར། ༽