国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀ་ཕྲེང་རང་མཚང་མ།

ཀ་བཞི་གདོང་མས་འདེགས་པའི་གཙུག་ལག་ཁང་ན།།

ཁ་མིན་སེམས་ནས་ཆོས་ལ་ངེས་ཤེས་མེད་པའི།།

ག་ཤེད་གཞན་ལ་འགྲིམ་པའི་སྣང་བརྙན་ཅན་པོ།།

ང་རང་གང་ལ་འགྲོ་བའི་དམིགས་ཡུལ་སུས་ཤེས།།

ཅ་ཅོ་ངག་ལ་སྐྱོར་བའི་འདུ་འཛིར་དུང་ཞིང་།།

ཆ་མེད་མི་དང་ཡུལ་ལ་ངོ་ཤེས་དགའ་བའི།།

ཇ་ལྗང་ལོ་མའི་བྲོ་འདྲའི་སིམ་པ་སྟེར་བའི།།

ཉ་བཞིན་གང་སར་བགྲོད་པའི་འཁྱུག་རྩལ་ནམ་རྒྱས།།

ཏྭ་རེ་སྟོད་ཀྱི་སྤྲིན་དཀར་མཁའ་ལ་རྒྱུ་འདྲའི།།

ཐ་མལ་སེམས་ཀྱི་རྣམ་རྟོག་ངེས་མེད་འཕྱོ་བ།

ད་ལྟ་འབྲས་མེད་ཕྱི་མིག་ལོ་ཟླའི་འགྱོད་གདུང།།

ན་ཚ་ལུས་ལ་མེད་ཀྱང་སེམས་ན་ལྗིད་པ།།

པ་ཏྲ་འདྲ་བའི་མི་ཚེ་ཀྱག་ཀྱོག་བསམ་ན།།

ཕ་རྒན་དབུ་སྐྲ་དཀར་པོའི་འདུན་མ་བརླགས་ནས།།

བ་ལང་སྤྱོད་པའི་འདུ་ཤེས་གསུམ་པ་བཅས་པས།།

མ་རྒན་སེམས་ཀྱི་རེ་འདུན་ཅང་མེད་གྱུར་སོང་།།

ཙ་གེ་ཙིག་གེའི་ལས་ཀྱི་མཐའ་ལ་ཞེན་ནས།།

ཚ་གྲང་དུས་ཀྱི་བགྲོད་མཚམས་གང་ཡིན་མ་ཤེས།།

ཛ་དྲག་འཁོར་བའི་ལས་ཀྱི་གནས་སུ་ཞུགས་ན།།

ཝ་བཞིན་ངོ་ཚ་མེད་པའི་གཡོ་སྒྱུ་བྱེད་འོངས།།

ཞ་འཐེང་ལུས་ཀྱི་འབྱུང་བཞིན་རྒུད་ཀྱིས་ཁྱེར་ཀྱང་།།

ཟ་འདོད་སྲེད་པའི་འཆང་ཐག་ལྷོད་ཐབས་མི་འདུག།

འ་ཆད་འུ་ཐུག་སྐྱོ་བའི་སྨྲེ་ངག་འདོན་བཞིན།།

ཡ་ཁུང་མིག་ཆུས་བརླན་པའི་ངང་ཚུལ་ཤོར་བ།།

ར་མ་ལུག་སྐད་བཤད་པའི་དྲྭ་སྒང་ཉུལ་ནས།།

ལ་ལུང་ཀུན་གྱི་འཚོ་བར་ལྟད་མོ་གཡེང་དུས།།

ཤ་ཁྲག་ཟས་སུ་སྤྱོད་པའི་མི་རིགས་ཤིག་གི།

ས་ཆ་སྤང་ཐང་ཡངས་པོ་གང་ནས་ཡིན་བསམ།།

ཧ་བོ་ཡུལ་ལྗོངས་སྐྱིད་པོ་འདི་རུ་ལྷགས་ན།།

ཨ་ཐང་ཆད་པའི་སེམས་འདི་གསོས་ཐབས་ཡོད་འདོད།།

ཧ་ཧ་རང་སེམས་རླུང་ལ་བདག་པོ་མེད་ན།།

ཨ་ཆེན་ཐང་ལ་སྲེད་པ་གོང་འཕེལ་གྱུར་འགྲོ།།

༼ སྒང་ཁྱུང་སྐྱེས། ༽