ལས་ཀྱི་ཁ་ཡིག་ནག་པོ་ཐོད་དུ་བཅིངས།།
འགྱུར་ལྡོག་སྙི་མོ་ཞིག་ལ་སེམས་པ་གཏད།།
གདུང་བས་ཡིད་རབ་བརྣག་པ་འདི་ག་ཙམ།།
འཁོར་བའི་གཤིས་ལ་ལྟོས་དང་ཉེ་བའི་མི།།
ད་ནིང་རྩྭ་རྩེའི་ཟིལ་པ་གང་དུ་ཆས།།
ད་ལྟའི་ཆུ་ཡི་ལྦུ་བ་གང་དུ་བཞུད།།
མཐོང་བའི་ཡུལ་སྣང་འགྱུར་བའི་གཤིས་ཀ་ལ།།
ཡང་ཡང་སེམས་པར་གྱིས་ཤིག་ཨ་ཁ་མ།།
སྒྱུ་མའི་གཟུགས་བརྙན་རི་མོའི་དཔེ་རུ་མཐོང་།།
སོས་ཀའི་གནམ་གཤིས་འགྱུར་ལྡོག་མྱུར་མོ་གདའ།།
དོན་གྱི་གཤིས་ལུགས་འདི་དང་མཚུངས་པའི་ཕྱིར།།
བསམ་གཞིག་ཡུན་གྱིས་ཐོངས་དང་ང་ཡི་གྲོགས།།
སྨུག་སྤྲིན་ཡུད་ཙམ་ཞིག་གིས་རང་སར་དྭངས།།
སྣང་བ་རྟག་བརྟན་མེད་པ་བྲག་ཆ་བཞིན།།
ཚེ་རབས་ལས་འབྲས་ཕྱག་གིས་འཆང་མཁན་མ།།
དངོས་རྣམས་ཐེར་ཟུག་མིན་པ་ཤེས་པར་གྱིས།།
དགའ་བར་སླ་སྟེ་སེམས་པ་སྙི་བའི་ཕྱིར།།
སྐྱོ་བ་མང་སྟེ་འཁོར་བས་བསླུས་པའི་ཕྱིར།།
འཁྲུལ་སྣང་སྒྱུ་མའི་ཁྲོད་ཀྱི་གར་མཁན་མ།།
འཇིག་རྟེན་སྣང་བར་བསྟུན་ན་ཨེ་འགྲིག་གམ།།
ལས་དབང་བཙན་པོས་བསྐོས་པ་དེ་དང་གཅིག །
གཏན་གྱི་ཕུགས་འདུན་ཕྱོགས་པ་འདི་དང་གཉིས།།
ལས་ཀྱིས་དམ་དུ་སྦྲེལ་བའི་རོགས་མཐུན་ཁྱོད།།
སྲིད་པའི་རི་གྲོང་འགྲིམ་པའི་དཔུང་རོགས་ཡིན།།
རྣམ་རྟོག་འཁྲུལ་བའི་འཇིག་རྟེན་སྣེ་མོ་རུ།།
ཁྱོད་དང་ང་གཉིས་བྱིས་པ་རྩེད་པ་བཞིན།།
རེ་དོགས་ལྟ་བ་མཁྲེགས་པོ་མ་བཟུང་དང་།།
འཁོར་བའི་ཆོས་ལ་ཡིད་རྟོན་དཀའ་ཙམ་གདའ།།
ང་ཡི་སེམས་སུ་སྨོན་འདུན་གཙང་མ་ཡོད།།
ལྷག་བསམ་དཀར་པོའི་ཡིག་འབྲུ་རེ་འགའ་ཡོད།།
རང་སེམས་དབྱིངས་སུ་རྒྱུ་བའི་འཆར་སྣང་ལས།།
ཁྱོད་ལ་རྟོག་བཏགས་སྒྱུ་མའི་འཇིག་རྟེན་བསྐྲུན།།
འཆར་སྣང་གཟུགས་བརྙན་ནང་གི་རྟ་ཕོ་ཡིན།།
སྒྱུ་འཕྲུལ་ཁྲོད་ཀྱི་རི་མོ་ཁྱོད་རང་བྱོས།།
མགུར་མའི་དབྱངས་རྟའི་དབུས་ནས་འཛུམ་ཆུང་མ།།
གཏམ་འདི་ཡིད་ལ་ཉོར་དང་སྙིང་པོ་ལགས།།
ཚིག་དག་ཡིད་ལ་བརྐོས་དང་ལས་ཀྱི་མི།།
དབྱངས་ཀྱི་མེ་ཏོག་ཁྱོད་ཡིན་སྙིང་པོ་ལགས།།
དགའ་སྡུག་རེས་མོས་འགྱུར་ལྡོག་རྒོད་ཀྱང་རུང་།།
སེམས་ཀྱི་ཡོད་ཚད་ཁྱོད་ལས་གཞན་མ་མཆིས།།
༼ རྫ་ཤུལ་བློ་བཟང་། ༽
