国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐུ་ཚེ་ཧྲིལ་པོར་གསོ་རིག་བྱ་གཞག་འབད།། ཉམ་ཐག་འགྲོ་བ་མང་པོའི་ཚེ་སྲོག་སྐྱོབ།།

བོད་ཀྱི་གསོ་བ་རིག་པའི་དགེ་རྒན་ཆེན་མོ་སྐུ་ནུབ་བློ་བཟང་རྒྱ་མཚོ་མཆོག་གི་ལོ་རྒྱུས་རགས་བཀོད།

14236_ym01b_20260828 ནད་པར་ནད་རྟགས་འདྲི་བཞིན་པ།

14240_ym01b_20260828ནད་པར་ལག་རྩ་ལྟ་བཞིན་པ།

14239_ym01b_20260828ནད་པར་སྨན་བཅོས་བྱེད་བཞིན་པ།

དགེ་རྒན་ཆེན་མོ་སྐུ་ནུབ་བློ་བཟང་རྒྱ་མཚོ་མཆོག་ནི་སྤྱི་ལོ1959ལོར་དཀར་མཛེས་ཁུལ་རྟའུ་རྫོང་སྨུག་རོང་ཡུལ་ཤོག་རི་འབྲུག་ཚང་ཞེས་པར་ཕ་དགྲ་འདུལ་དང་མ་བསོད་ནམས་ལྷ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། རི་འབྲུག་ཚང་ལ་བོད་སྨན་མཁས་པ་དང་། ཡིག་གཟུགས་མཁས་པ། ཤིང་བརྐོས་ལག་རྩལ་མཁས་པ་སོགས་མཁས་པ་མང་པོ་འཁྲུངས་མྱོང་ཞིང་། ལྷག་པར་དུ་རི་འབྲུག་རྣམ་འཇོམས་ཞེས་པའི་སྨན་པ་མཁས་ཆེན་ཞིག་འཁྲུངས་མྱོང་ཞིང་དེའི་སྨན་བརྒྱུད་ཟམ་མ་ཆད་པར་སྐུ་ནུབ་སྟག་སྤྲུལ་སྐུ་སྐུ་ཕྲེང་བཞི་པ་ཀུན་བཟང་གང་ཤར་རང་གྲོལ་ལམ་སྐུ་ནུབ་ཀུན་བཟང་སྤྲུལ་སྐུ་ཞེས་མདོ་ཁམས་ཡུལ་དུ་གྲགས་པའི་སྨན་པ་མཁས་ཆེན་ཞིག་འཁྲུངས་ནས། མགར་ཐར་རྫོང་བོད་སྨན་ཁང་གསར་འཛུགས་བྱས་པ་དང་། སྐུ་ནུབ་ཟླ་ཤེལ་ལྕགས་རིལ་ཆེན་མོ་སོགས་གསར་གཏོད་མཛད་པས་མི་ཉག་ཡུལ་དུ་སྙན་གྲགས་དང་མཛད་རྗེས་ཤིན་ཏུ་ཆེ། དེ་ནས་སྐུ་ནུབ་སྤྲུལ་སྐུའི་སྐུ་ཚ་འོད་ཟེར་ལགས་ཀྱང་སྐུ་ནུབ་དགོན་པའི་ཚོགས་གྲལ་དུ་ཞུགས་ཤིང་མཁན་པོ་མཛད་པས་སྐུ་ནུབ་མཁན་པོ་འོད་ཟེར་དང་ཡང་ན་སྐུ་ནུབ་སྨན་པ་འོད་ཟེར་ཞེས་གྲགས།

སྐུ་ནུབ་མཁན་པོ་འོད་ཟེར་ལགས་ནི་སྐུ་ནུབ་བློ་བཟང་རྒྱ་མཚོའི་ཁུ་བོ་ཡིན་པས། མཁན་པོ་ཁོང་གིས་ཚ་བོ་བློ་བཟང་རྒྱ་མཚོ་ཆུང་ནས་ཕྱག་ཕྱིར་ཁྲིད་དེ་སྐུ་ནུབ་དགོན་དུ་ཡི་གེ་འབྲི་ཀློག་དང་། བརྡ་སྤྲོད་ཀྱི་རྨང་གཞི་སོགས་ལ་སློབ་སྦྱོང་བྱེད་དུ་བཅུག། ཁྱད་པར་དུ་སྐུ་ནུབ་སྤྲུལ་སྐུའི་མདུན་ནས་གཅེས་པའི་ཡན་ལག་བདུན་སོགས་སྔོ་སྨན་གྱི་ངོས་འཛིན་དང་། ཐང་ཕྱེ་རིལ་བུ་སོགས་སྨན་སྦྱོར་གྱི་ལག་ལེན། ནད་སྨན་སྤྲོད་པའི་གཉེན་པོ་བཞི་ཡི་མན་ངག་མང་པོ་མཐོང་ཐོས་བརྒྱུད་གསུམ་གྱི་ལམ་ནས་ངོ་སྤྲོད་ཅིང་། ཤེལ་གོང་ཤེལ་ཕྲེང་དང་། དེལ་དམར་བའི་གཏར་མེའི་གདམས་པ་སོགས་དམར་ཁྲིད་དང་ལུང་ཁྲིད་ཀྱི་སྐལ་བ་ཡང་ཡང་ཐོབ་པར་མ་ཟད། གསོ་རིག་རྒྱུད་བཞིའི་རྩ་བ་བློ་འཛིན་དང་གཞུང་འགྲེལ་སྣ་ཚོགས་ལ་སློབ་སྦྱོང་དང་བརྒྱུད་པའི་མན་ངག་ཀྱང་ཇི་སྙེད་ཅིག་ཐོབ་པས་སྤྱི་ལོ1977ལོ་ནས་རྟའུ་རྫོང་གསེར་ཁ་མཉམ་ལས་སྨན་བཅོས་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱ་བར་ཐོག་མར་ཞུགས།

སྤྱི་ལོ1981ལོར་སྡེ་དགེ་རྫོགས་ཆེན་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཐོག་མར་གསར་འཛུགས་གནང་སྐབས་ཁུ་བོ་སྐུ་ནུབ་འོད་ཟེར་མཆོག་དགེ་རྒན་དུ་གདན་དྲངས་པ་དང་།ཁོང་ཡང་ཕྱག་ཕྱིར་ཁྲིད་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་ཐོག་མའི་གྲས་སུ་ཚུད། ཁོང་གི་རང་ཉིད་ཀྱི་དགའ་ཕྱོགས་དང་ཁུ་བོ་དམ་པའི་མངགས་བཅོལ་ལྟར་གསོ་བ་རིག་པ་ཆེད་སྦྱོང་བྱ་རྒྱུར་བདམས་པ་རེད། སྡེ་དགེ་རྫོགས་ཆེན་བོད་ཡིག་སློབ་གྲྭ་རུ་དཔལ་སྤུངས་མཁན་ཆེན་བློ་ཆོས་དང་། ར་སྐོར་མཁན་ཆེན་ཐུབ་ནོར། ཨ་རིག་མཁན་ཆེན་པདྨ་ཚེ་དབང་། བྲག་མགོ་དགེ་བཤེས་བློ་བཟང་དོན་གྲུབ། སྨུག་ཚང་སྤྲུལ་སྐུ། རྫོགས་ཆེན་མཁན་པོ་ཐུབ་དབང་སོགས་མཁས་དབང་གང་མང་ལོ་མདུན་ནས་བོད་ཀྱི་ཆོས་དང་རིག་གནས་ལ་སློབ་སྦྱོང་བྱས་ཤིང་། ཁྱད་པར་དུ་ཁུ་བོ་སྐུ་ནུབ་འོད་ཟེར་དང་མདོ་ཟླ་གསལ་དབང་མོ་གཉིས་ཀྱི་མདུན་ནས་སྨན་རྩིས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་བྱས། སྤྱི་ལོ1983ལོར་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་དཀའ་དྲིན་བདག་རྐྱེན་ལ་བརྟེན་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་ཆེད་མངགས་ལྟར་དགེ་རྒན་སྐུ་ནུབ་འོད་ཟེར་དང་མདོ་ཟླ་གསལ་དབང་མོ། སློབ་གྲོགས་བསོད་ནམས་དབང་རྒྱལ་བཅས་དང་མཉམ་དུ་ལྷ་ལྡན་སྨན་རྩིས་ཁང་དུ་མི་ལོ་གཅིག་དང་ཟླ་གསུམ་ལྷག་གི་རིང་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བྱུང་སྟེ་མ་ཧཱ་པཎྜི་ཏ་མཁན་པོ་ཁྲོ་རུ་ཚེ་རྣམ་ལགས་ཀྱི་མདུན་ནས་གསོ་རིག་རྒྱུད་བཞིའི་ཁྲིད་ཆ་ཚང་བ་དང་། གཡུ་ཐོག་སྙིང་ཐིག་གི་དབང་ལུང་། གཞན་ཡང་མན་ངག་ལག་ལེན་གྱི་ཟབ་ཁྲིད་མང་པོར་ཉན་པར་མ་ཟད། ཞོར་དུ་སྨན་རྩིས་མཁས་དབང་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་སོགས་དགེ་རྒན་ལ་བསྟེན་ནས་སྨན་རྩིས་ཀྱི་ཤེས་རིག་གང་མང་ཞིག་སློབ་གཉེར་མཛད་ཡོད། 2006ལོར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དངོས་ཚན་འཛིན་གྲྭ་ནས་སློབ་མཐར་ཕྱིན་པ་རེད།

སྤྱི་ལོ1986ལོར་སློབ་མཐར་ཕྱིན་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རང་མལ་དུ་དགེ་རྒན་གྱི་བྱ་བར་ཞུགས། ཞོར་དུ་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ། མི་ཉག་དགོན་ཆེན་བོད་སྨན་ཁང་སོགས་སུ་ཕེབས་ནས་སློབ་མ་ཚོར་གསོ་རིག་རྒྱུད་བཞི་དང་། ཤེང་གོང་ཤེལ་ཕྲེང་། དེལ་དམར་བའི་གཏར་མེའི་གདམས་པ། ཀོང་སྤྲུལ་ཟིན་ཏིག། སྨན་རྩྭ་ངོས་འཛིན། གསོ་རིག་མན་ངག་སོགས་ཤེས་བྱའི་གནས་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ནས་གསོ་བྱེད་སྨན་གྱི་ལས་ལ་འཇུག་བཞིན་པའི་སྐལ་ལྡན་གདུལ་བྱ་མང་པོ་བསྐྱངས། ཁོང་གིས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱོན་བསྡོམས་སློབ་མ་དྲུག་སྟོང་ལྷག་གསོ་སྐྱོང་བྱས། དེང་སང་སྤྱི་ཚོགས་ཀྱི་ལས་རིགས་ཁག་སོ་སོ་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཞབས་ཕྱི་ཞུས་དང་ཞུ་བཞིན་ཡོད། སློབ་ཁྲིད་ཀྱི་ཞོར་དུ་དཀར་མཛེས་ཁུལ་བོད་སྨན་ཁང་གི་ཆེད་མཁས་པའི་སྐབས་བཅོས་ཁང་དུ་མི་ལོ5ཡི་རིང་ལ་ཉམ་ཐག་ནད་པ་མང་པོར་སྨན་བཅོས་ཀྱི་མཛད་པ་བསྐྱངས།

ཁོང་གིས་མཛད་པའི་གསུང་རྩོམ་གྱི་སྐོར་ལ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དེབ《སྙན་ངག་སློབ་དེབ》དང་། 《བོད་ཀྱི་གསོ་བ་རིག་པའི་ནད་ཐོག་ལག་ལེན་གྱི་སློབ་དེབ》《གཏར་གའི་གདམས་པ་ཉེས་འཁྲུགས་རྙོགས་མ་དྲུང་འབྱིན་ཀེ་ཏ་ཀའི་འབྲུ་འགྲེལ་མེས་པོའི་ཞལ་རྒྱུན》《མདོ་ཁམས་སྨུག་རོང་ཡུལ་སྡེའི་སྣོད་བཅུད་ཀྱི་བཀོད་པ་དང་ལོ་རྒྱུས་ལུགས་གཉིས་གསལ་བའི་མེ་ལོང》སོགས་ཡོད་ཅིང་། རྒྱལ་ནང་གི་དུས་དེབ་ཁག་ཏུ་བོད་རིག་པའི་དཔྱད་རྩོམ་བཅུ་ཕྲག་ལྷག་སྤེལ་མྱོང་། ཁྲེང་ཏུའུ་རྒྱ་ལུགས་གསོ་རིག་སློབ་ཆེན་གྱི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་འཛུགས་སྐྲུན་གྱི་མཛད་རྗེས་ཕུལ་བྱུང་མི་སྣ་དང་མགྲོན་ཞུས་དགེ་རྒན། སི་ཁྲོན་ཞིང་ཆེན་རྒྱ་སྨན་དོ་དམ་ཅུས་མི་དོན་སློབ་གསོ་ཁྲུའུ་ནས་འདེམས་པའི་བོད་ཀྱི་གསོ་བ་རིག་པའི་རྐང་འཛིན་མི་སྣ་གསོ་སྐྱོང་གི་ཆེད་ལས་མཁས་དབང་། དཀར་མཛེས་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་བློ་འདྲི་ས། དཀར་མཛེས་ཁུལ་བོད་སྨན་ཁང་གི་མགྲོན་ཞུས་ཆེད་མཁས་པ། བྲག་མགོ་རྫོང་བོད་སྨན་ཁང་གི་གདན་ཞུས་ཆེད་མཁས་པ། རྔ་བ་ཁུལ་ཛམ་ཐང་རྫོང་ཛཾ་བྷ་ལའི་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་ཀྱི་བོད་སྨན་བརྒྱུད་འཛིན་པ་དང་དགེ་རྒན། རི་འབྲུག་ཚང་མི་རབས་བཞི་པའི་བོད་སྨན་བརྒྱུད་འཛིན་པ་སོགས་ཀྱི་བྱ་བའི་འགན་གཅིག་ལྕོགས་སུ་བཞེས་ཡོད།

སྤྱི་ལོ2018ལོར་ལས་འཁྱུར་ངལ་གསོ་བྱས། སྤྱི་ལོ2019ལོ་ནས་ཕ་ཡུལ་རྟའུ་རྫོང་དུ་སྐུ་ནུབ་ཨ་མྲྀ་ཏ་བོད་སྨན་ཁང་གསར་འཛུགས་གནང་སྟེ་ད་ལྟའི་བར་དུ་སྨན་བཅོས་སྲོག་སྐྱོབ་ཀྱི་ཕྱག་ལས་དང་། དངོས་སྦྱོང་སློབ་མའི་ཚོགས་ལ་གཞུང་ལུགས་དང་ལག་ལེན་གཉིས་ཆར་གྱི་སློབ་ཁྲིད་གནང་བཞིན་ཡོད། ཁོང་གིས་གསར་འགོད་པར་རྒྱུན་པར་སྨན་ཁང་ནང་སྨན་བསྟན་སར་ཡོང་བའི་ནད་པ་དབུལ་པོར་སྨན་རིན་ལེན་བཞིན་མེད་ལ། ནད་པ་འགུལ་བསྐྱོད་སྟབས་མི་བདེ་པར་ནད་པའི་ཁྱིམ་ལ་ཕྱིན་ནས་སྨན་བཅོས་བྱེད་བཞིན་ཡོད་ཅེས་གསུངས། ཨ་མྲྀ་ཏ་བོད་སྨན་ཁང་བཙུགས་ནས་ད་བར་ནད་པ་ཁྲི་ལྔ་ཙམ་ལ་སྨན་བཅོས་བྱས། དགེ་རྒན་ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནད་པར་ཤ་ཚ་བ་དང་ཡང་དག་ཚད་ལྡན་གྱི་སྨན་པ་ཞིག་གི་མཚན་ཉིད་གསལ་བཤད་བྱས་ཡོད། དེ་བས། དགེ་རྒན་ཁོང་དང་ཁོང་གིས་གཉེར་བའི་སྨན་ཁང་དེར་ས་གནས་དེ་གའི་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཚོས་དགའ་བསུ་ཆེན་པོ་ཐོབ་དང་འཐོབ་བཞིན་ཡོད་དོ།།

( སྐལ་བཟང་རྒྱ་མཚོས་བྲིས་ཤིང་པར་བླངས།)