国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དངུལ་དང་འབྲེལ་བའི་རིན་ཆེན་གཉིས་པ་དངུལ་དང་འབྲེལ་བའི་རྟེན་འབྲེལ་སྨོན་ལམ་དཀར་པོ།

དེ་ཡང་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང《མི་མིན་དངུལ་རྫོང》ལེའུ་བཅུ་དགུ་པ་ལས། དེར་འཛམ་གླིང་གེ་སར་རྒྱལ་པོ་དང་། མི་མིན་ཚེ་འཛིན་ལྷ་མོ། གསེར་པའི་ཉི་འབུམ་དར་ཡག། ལྷ་སྲས་དགྲ་རྩེ་རྒྱལ། རྒྱལ་སྲས་ཨ་སྟག་རྩེ་རྒོད། འབྲུ་སྲས་བྱང་རོང་བཙན་པོ། ཨ་ཁུ་སྤྱི་དཔོན་རྒྱལ་པོ། སྟག་རོང་དཔོན་པོ་ཁྲོ་ཐུང་། འདན་མ་གཡུལ་རྒྱལ་ཐོག་རྒོད། སེང་སྟག་དམ་པ་རབ་རྒྱས་སོགས་མཛེས་པའི་ཆས་དང་བཅས་གཏེར་བྲག་གི་མདུན་ནས་ཡར་བྱོན་པར་གཏེར་བདག་རྡོ་རྗེ་ཁུ་བྱུག་མགོ་ཅན་དེས་གཏེར་སྒྲོམ་དང་གཏེར་ཤོག་ཕུལ་བ་ལས་གཏེར་སྒོ་འབྱེད་ཚུལ་ཐམས་ཅད་བསྟན་ནས་མི་སྣང་བར་གྱུར། འཛམ་གླིང་རྒྱལ་པོས་མུ་ཏིག་རང་འཁྲུངས་ཀྱི་རྒྱལ་མཚན་ལས་མཆོང་གི་སྒྲོམ་བུ་ཕྱག་ཏུ་བཟུང་ནས་འོ་མའི་རིགས་དང་དཀར་གསུམ་མཆོད་ཅིང་དམ་ཚིག་བསྒྲགས་པར་མི་མིན་བྱང་གི་གཏེར་བྲག་མཆོང་རི་གཟི་ལྡན་གྱི་གཏེར་སྒོ་ཕྱེས་པས། ནང་དུ་འཇའ་འོད་དྲི་བཟང་གི་དབུས་ན་མཆོང་གིས་གྲུབ་པའི་ཤཱཀྱ་ཐུབ་པ། མུ་ཏིག་གི་ཕྱག་ན་རྡོ་རྗེ། བེེཌཱུརྱའི་སྒྲོལ་མ། ཆུ་སྙིང་ལས་གྲུབ་པའི་བྱ་ཁྱུང་། བྷེ་རོའི་ནེ་ཙོ། མུ་མེན་གྱི་གསོལ་དཀར་སོགས་དང་། ཙུ་ཏ་རྡོ་ཡི་སྙིང་པོ། སི་ར་ཀ་རྨ་བྱའི་མགྲིན་ཆུང་། ཆུ་ཆུང་ནི་ལ། པདྨ་རཱ་ག། ཨིནྡྲ་ནི་ལ། ཆུ་ཤེལ་ནོར་བུ་ཆུ་འབྱུང་ཀུན་ཕན། མེ་ཤེལ་ནོར་བུ་འོད་འཕྲོ། གཟིའི་ནོར་བུ་མནྡྷྲ་ཝེ། བྱུ་རུའི་ནོར་བུ་མེ་འབར་སོགས་དང་། གཞན་ཡང་དངུལ་གྱི་རིགས་ཟླུམ་པོ། ཟླ་གམ། གྲུ་བཞི། གྲུ་གསུམ། རིན་ཆེན་ས་རྡོའི་དངུལ་སོགས་དྲེལ་ཁལ་སྟོང་ལ་ཉེ་བ་ཞིག་བླངས་ནས་བྱང་གླིང་གཉིས་ཀྱི་ལས་དམག་འཁོར་དང་བཅས་པ་ལ་དངུལ་འགྱེད་བཏང་། གེ་སར་རིན་པོ་ཆེས་གཏེར་ཤོག་གཏེར་ཡིག་རྣམས་ཕྱིར་སྦས་ནས་སྨོན་ལམ་བཏབ་པར་གཏེར་སྒོ་སྔར་ལྟར་བསྡམས། དེར་མི་མིན་བུ་མོ་ཚེ་འཛིན་ལྷ་མོས་འབྱུང་འགྱུར་ལུང་དུ་སྟོན་པ་དང་། སྨོན་ལམ་དཀར་པོའི་མཐའ་བརྒྱན་པའི་གླུ་འདི་ལྟར་བླངས་སོ།།

གླུ་ཨ་ལ་ལ་མོ་ཨ་ལ་རེད།།

གླུ་ཐ་ལ་ལ་མོ་ཐ་ལ་རེད།།

པོ་ཊ་ལ་ཡི་ཞིང་ཁམས་ནས།།

རྗེ་བཙུན་འཕགས་མ་སྒྲོལ་མ་དང་།།

འབུམ་ཕྲག་མཁའ་འགྲོའི་ཚོགས་ལ་འདུད།།

སྨོན་ལམ་ཡིད་བཞིན་འགྲུབ་པར་ཤོག།

ས་འདིའི་ས་ངོ་མ་ཤེས་ན།།

གཏེར་བྲག་གཡང་གི་ལྟེ་བ་རེད།།

ང་འདྲ་ང་ངོ་མ་ཤེས་ན།།

མི་མིན་ཚེ་འཛིན་ལྷ་མོ་ཡིན།།

དེ་རིང་བཀྲ་ཤིས་ཉི་མ་ཤར།།

སྨོན་ལམ་དཀར་པོའི་སྣང་བ་ཤར།།

ད་ལོ་བྱང་གླིང་གཡུག་འཁྲུག་སྐབས།།

འདས་པའི་མི་རྟ་ཆག་གྲུམ་གྱི།།

སྡིག་ལྟུང་མི་དགེ་ཀུན་དག་ནས།།

བདེ་ཆེན་ཐར་ལམ་འཐོབ་པར་ཤོག།

སངས་རྒྱས་བྱང་སེམས་བྱིན་རླབས་དང་།།

གེ་སར་ལྷ་ཡི་བདེན་སྟོབས་ཀྱིས།།

རིགས་ལྡན་ལྕགས་འཁོར་ཅན་གྱི་སར།།

ཚོམ་བུ་གཅིག་ལ་སངས་རྒྱས་ཤོག།

ཁྱད་པར་མི་མིན་དངུལ་རྫོང་འདི།།

འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ།།

ཊཾ་ག་རྟ་རྨིག་ལ་སོགས་པའི།།

དངུལ་རིགས་རྣམ་པ་སྣ་ཚོགས་ཀྱིས།།

འགྲོ་བའི་འདོད་དོན་ཀུན་གྲུབ་ནས།།

རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག།

རིན་ཆེན་དངུལ་གྱི་བྱིན་མཐུ་ཡིས།།

བསོད་ནམས་ལོངས་སྤྱོད་འཕེལ་བར་ཤོག།

འབད་མེད་གཡང་དུ་འཕྱུར་བར་ཤོག།

དབུལ་ཕོངས་སྡུག་བསྔལ་སེལ་བར་ཤོག།

འགྲོ་བའི་བླ་མ་རིན་ཆེན་གྱི།།

གདུལ་བྱ་དངུལ་དཀར་ནོར་བུས་སྤེལ།།

སྟག་ཤར་དགྲ་ལྷའི་རྗེ་བོ་དེས།།

དཔའ་རྟགས་དངུལ་དཀར་བཟང་པོས་བསྟན།།

ན་ཆུང་མཛེས་ལྡན་སྒེག་མོ་ཡིས།།

བཀྲག་མདངས་དངུལ་དཀར་དག་པས་བསྐྱེད།།

ཟད་མེད་དངུལ་གྱི་གཏེར་ཁ་དེ།།

རྒྱ་མཚོ་བཞིན་དུ་འཁྱིལ་བར་ཤོག།

དངུལ་ལ་ལོངས་སྤྱོད་འཛོམས་ནས་བྱུང་།།

རི་རྒྱལ་བཞིན་དུ་མཐོ་བར་ཤོག།

དངུལ་ལ་དབང་ཐང་དར་ནས་བྱུང་།།

ནམ་མཁའ་བཞིན་དུ་བསྐྱེད་པར་ཤོག།

དངུལ་ལ་སྤུས་ཀ་ལེགས་པ་དེ།།

སྤྲིན་བྲལ་ཉི་འོད་བཞིན་དུ་ཤོག།

དངུལ་དཀར་གཡང་གི་འདོད་འབྱུང་གིས།།

སེམས་ཅན་རེ་བ་ཡོངས་བསྐངས་ནས།།

ཕན་བདེ་སྤེལ་ལ་ཐོགས་མེད་ཤོག།

འཛད་མེད་ཡོན་ཏན་རང་བཞིན་གྱུར།།

མདོར་ན་ཡངས་པའི་རྒྱལ་ཁམས་སུ།།

རྩོད་མེད་དངོས་གྲུབ་འཐོབ་པའི་ཕྱིར།།

ས་རྡོ་རི་བྲག་ཤིང་དཀར་ལས།།

དངུལ་གྱི་དྭངས་བཅུད་འབྱུང་བར་ཤོག།

བཀྲ་ཤིས་ནམ་མཁའ་ཀུན་ལ་ཁྱབ།།

སྨོན་ལམ་སྦྲང་ཆར་ཤ་ར་ར།།

སེམས་ཅན་རེ་སྨོན་པདྨའི་ཚལ།།

མཛེས་སྡུག་འོད་དང་འགྲོག་པར་ཤོག།

ཤཱཀྱའི་བསྟན་པ་དར་བར་ཤོག།

སེམས་ཅན་བདེ་སྐྱིད་ལྡན་པར་ཤོག།

ནད་མེད་ཚེ་ཐག་རིང་བར་ཤོག།

དཔལ་དང་འབྱོར་བ་རྒྱས་པར་ཤོག།

ཁམས་གསུམ་དབང་དུ་བསྡུ་བར་ཤོག།

བདུད་བཞི་སྲོག་དང་བྲལ་བར་ཤོག།

ཁྱད་པར་སྐུ་རྗེ་བླ་མ་ཡི།།

མཛད་མ་མུ་ཏིག་དཀར་པོའི་ཕྲེང་།།

འཛམ་གླིང་འཛིན་མའི་རྒྱན་གྱུར་ནས།།

བསྟན་འགྲོའི་བདེ་ལེགས་བསྐྱེད་དུ་གསོལ།།

མ་འོངས་དུས་ཀྱི་བསྐལ་པ་རུ།།

གླིང་དཀར་དཔའ་རྟུལ་ཐམས་ཅད་ཀྱི།།

སྤྲུལ་པ་ཐ་མི་དད་པ་ཡིས།།

འགྲོ་དོན་དཔག་མེད་འབྱུང་བར་ཤོག།

སངས་རྒྱས་ཆོས་དང་དགེ་འདུན་དང་།།

བླ་མ་ཡི་དམ་མཁའ་འགྲོ་ཡི།།

བདེན་སྟོབས་སྨོན་ལམ་བསླུ་མེད་པས།།

བསྟན་འགྲོའི་རྒུད་པ་བསལ་དུ་གསོལ།།

གོ་ན་རྣ་བའི་བདུད་རྩི་ལ།།

མ་གོ་གླུ་ལ་ཡང་ལེན་མེད།།

འདིར་ཚོགས་ཐུགས་ལ་དེ་ལྟར་ཞོག།

ཅེས་གླུ་དེ་ལྟར་བླངས་པ་དང་བཀྲ་ཤིས་པའི་ལྟས་དང་རྟགས་མཚན་ཐམས་ཅད་མངོན་དུ་གྱུར་པར་གདའ། ཞེས་འཁོད་ཡོད།།

༼ སྐལ་ཐུབ་ཀྱིས་བསྡུས་ནས་བཤུས།༽