国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་ཁ།

འོད་མདངས་གསེར་གྱི་མདོག་དང་འདྲེས་པ་ཡི།།

ནམ་མཁའི་སྤྲིན་དཀར་དལ་དལ་རབ་སྤྲོས་ནས།།

ཕུན་ཚོགས་ནགས་ཀློང་ལྡེམ་པའི་བསིལ་ཟེར་གྱིས།།

སྟོན་གྱི་དུས་ཚིགས་བསུ་བའི་བརྡ་རྟགས་གནང་།།

ནུབ་ཁའི་ཉི་མས་ཕྱི་མིག་ལྟ་བཞིན་བཞུད།།

གྲིབ་མས་བསེར་བུ་ཁྲིད་ནས་ཁོང་འདར་བསླངས།

སྟོན་གྱི་རླུང་བུར་འགྲོགས་པའི་སེམས་གཞུང་ལ།།

སྡོང་ལོ་སེར་པོས་མཚོན་པའི་སྐྱོ་ངལ་སྤུངས།།

རླུང་བུས་དེད་པས་ལྗོན་པའི་ལོ་མ་སྤུར།།

ནང་སེམས་འཁྱག་གིས་ཟོས་ཀྱང་བྱ་ཐབས་ཅི།།

རི་ལུང་བྱད་བཞིན་འགྱུར་བའི་སྣང་བརྙན་གྱིས།།

དྲན་པ་རིང་མོ་འདི་ཡིས་སྔམ་རིང་ཤོར།།

བཅུད་ལྡན་འཛིན་མའི་ཁྱོན་གྱིས་ལེགས་བསྐྲུན་པའི།།

རྐང་དྲུག་བུང་བའི་ཁྱུ་ཡིས་རབ་འཁྱུད་པའི།།

སྤང་ཐང་གཡུ་ལེགས་བཀོད་པའི་མེ་ཏོག་དག །

སད་དང་སེར་བས་བཅོམ་པ་སྐྱོ་བའི་གནས།།

སྤྲིན་བྲལ་ལྷ་ལམ་ངོགས་ཀྱི་ཟླ་གཞོན་མས།།

སྐམ་ཞིང་རྒུད་པའི་ལྕང་སྡོང་སེར་པོའི་འོག །

འཆར་ཡན་སྒྱུ་རྩལ་གཤིས་ལ་གོམས་པ་ཡི།།

མ་བཅོས་འཇིག་རྟེན་སུ་ལ་བསིལ་བ་བྱིན།།

དབྱར་གཞོན་ལང་ཚོ་དར་མའི་འཇོ་སྒེག་ཡལ།།

གསེར་ལྡན་མུན་པའི་འདུ་ཆེན་མཁའ་ལ་འཁྲིགས།།

མཚན་ལྗོངས་ཟླ་བའི་གཟུགས་རིས་འཛུམ་པ་ཡིས།།

འདས་སོང་དྲན་པའི་གཟུགས་བརྙན་སེམས་ལ་འཆར།།

བྱ་ཁྱུ་གཤོག་རྡང་སྦྲེལ་ནས་བྱང་མཐར་མགྲིམ།།

གསེར་མདོག་ལོ་མའི་རང་ལུས་ས་ལ་ཟག །

ཤིང་སྡོང་རྩེ་མོ་འགུལ་བའི་སྐྱོ་གཞས་ཀྱིས།།

ཡིད་ལ་ན་བུན་འཁྲིགས་པ་ལན་གཅིག་མིན།།

རི་འགོ་སྨུག་པའི་རྡུལ་དག་རིམ་བཞིན་འཇགས།།

སྐེད་པ་གཡུ་ཕྲེང་ལྗོན་པའི་ནགས་ཀླུང་ཞིག །

དྭངས་གཙང་ཆུ་ཤེལ་འཛུམ་པའི་གཟུགས་རླབས་ཀྱིས།།

ཡིད་ངོགས་མི་བརྟན་འགྱུར་བའི་བརྡ་ཞིག་བསྟན།།

༼ རིགས་ཀྱི་ཐ། ༽