རི་རྩེ་སྨུག་སྤྲིན་ན་བུན་མཁའ་རུ་ཡལ།།
རི་སྐེད་ལྗོན་ཤིང་འདབ་མ་ས་རུ་འཐོར།།
རི་གཤམ་གཙང་ཆུའི་བཞུར་སྒྲ་རིམ་བཞིན་འཇགས།།
ཡིད་ཀྱི་སྣང་ངོར་སྟོན་གྱི་ཚུགས་ཀ་བསྐྲུན།།
དབྱར་གསུམ་མེ་ཏོག་ལང་ཚོ་དལ་གྱིས་རྙིད།།
ཚང་ཚིང་གཡུ་ཡི་ལོ་མར་སེར་ཐིག་ལྷུང་།།
གསུང་སྙན་དཔྱིད་ཀྱི་ཕོ་ཉའི་མགྲིན་གླུ་འགག།
སྟོན་རླུང་བསེར་བུས་ཚོར་འདུ་ཡོམ་ཡོམ་གཡོ།།
འབྲུ་དྲུག་སྙེ་མའི་འགོ་བོ་ཐུར་དུ་དུད།།
འདབ་ཆགས་གཤོག་རྡང་སྦྲེལ་ཏེ་ལྷོ་རུ་འཕུར།།
དབྱིག་འཛིན་སྒེག་མོའི་ཞལ་རས་གསེར་ཞག་བྱུགས།།
ད་ནི་དབྱར་གྱི་མཛེས་པ་གང་དུ་བཞུད།།
སྟོན་རླུང་འུར་འུར་ལྡང་དུས་ཁྱོད་རང་དྲན།།
རི་ཆུས་སྐྱོ་ཉམས་སྟོན་དུས་ལྷག་ཏུ་དྲན།།
སྣང་བའི་རི་ཀླུང་ནང་གི་དྲན་ཤིང་མ།།
ང་ཡིས་ཁྱོད་རང་དྲན་ཞིང་ཁྱོད་རང་གླེང་།།
དཀར་དམར་མེ་ཏོག་ཕྲ་རྒྱན་མཛེས་པ་ཡི།།
ཡིད་འོང་དབྱར་གྱི་སྒེག་མོ་བཞིན་བཟང་མ།།
མི་མངོན་དལ་གྱིས་རྒྱང་དུ་ཆས་པའི་ཚེ།།
བདག་ཀྱང་ཤེས་པ་གཤོག་ཐོགས་ཁྱོད་གམ་འཕུར།།
༼ རྐང་ལམ་དཀར་པོ། ༽
