སྤྲིན་བྲལ་སྟོན་མཚན་མཁའ་དབུས་སུ།།
ཉ་རྒྱས་སྒེག་མོའི་བྱད་བཞིན་ལས།།
ཟུར་མིག་འོད་ཀྱི་འདབ་ལྡན་མཚོན།།
འབྲས་ལྡན་འབེན་གྱི་ཐིག་ལེ་ལ།།
མི་བཟད་ཅི་ཡང་རེག་པའི་མཐུས།།
ནོར་འཛིན་སྐྱེངས་པའི་བཞིན་རས་ཀྱིས།།
འཆར་ཁའི་མདངས་ཀྱང་དམན་སར་འགོད།།
སོ་ནམ་མིག་གི་ཆུ་གཏེར་ཆེར།།
ཞིང་བཟང་སྙེ་མའི་རླབས་ཀྱི་ཕྲེང་།།
ཡིད་ཀྱི་བྲག་ལྡེབས་རེག་པ་ཡིས།།
དགའ་བདེའི་ཟེགས་མའི་སྦྲང་ཆར་འཛིན།།
ཐང་གཤོངས་གཤིན་ས་འཛིན་མའི་གཞིར།།
འགྲོ་རྣམས་འདུ་འགོད་འཁྲུག་པ་ནི།།
གྲོག་ཚང་གོར་མའི་སྒོ་མོ་ཉིད།།
ཧར་གྱིས་ཡར་ལ་བཏེགས་དང་མཚུངས།།
འབྲུ་རྣམས་མཛོད་དུ་སྐྱེལ་བའི་ངལ།།
ཁུར་ལྕི་བཟོད་པའི་ལུས་ཅན་རྣམས།།
འགྲོ་འོང་གོམ་པའི་རྡོག་སྒྲ་ཡིས།།
ནོར་འཛིན་རྣ་བའི་བུ་གར་གཏོར།།
འབད་སྩོལ་མཁའ་ཡི་ཁང་བཟང་དུ།།
ཕྱི་བཤོལ་སྤྲིན་གྱིས་མ་བཟུང་བས།།
ལོ་ལེགས་ཉ་རྒྱས་འོད་དཀར་འཆང་།།
བདག་པོའི་གན་མཛོད་རྒྱ་མཚོ་རུ།།
ནས་ཀྱི་ལང་ཚོའི་མཆོར་སྒེག་རྫོགས།།
རོང་པའི་རོ་འཛིན་དགའ་བྱེད་པའི།།
སྦྲང་དཀར་རྩམ་པའི་རོ་བཅུད་གང་།།
དུས་བཞིར་སྤྱོད་པའི་དཔལ་བརྟས་པས།།
ངལ་བའི་འབྲས་ཀྱི་དགའ་སྟོན་རྫོགས།།
༼ ཨ་བཙུན་གཡུང་དྲུང་བཀྲ་ཤིས། ༽
