国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་ཁ་སླེབས་བྱུང་།

སྤྲིན་མཐུག་པའི་ཞོགས་པར།

ལམ་གྱི་སྣེ་མོར་དལ་གྱིས་འཇུ་དུས།

ངས་ཁོ་ར་ཁོར་ཡུག་ལ་འགྱུར་ལྡོག་བག་ཙམ་

ཐེབས་ཡོད་པ་ཚོར།

འགྱུར་ལྡོག་འདིས་ལྡོག་འཕྲོ་ལས།

ནང་སེམས་ལ་སྟོན་རླུང་བསིལ་མོ་ལྡང་བྱུང་།

སྟོན་རླུང་འདི་དབྱར་དགུན་གྱི་བར་མཚམས་ན་གནས།

བསིལ་བསིལ་གྱི་རེག་བྱ་འཇམ་པོ་རྩ་ལམ་ཀུན་བརྒྱུད་ཡོང་།

སྙི་བའི་སེམས་ལ་འཇབ་རྒོལ་ཐེབས་ཟིན་པས།

སེམས་པ་དེ་ཡང་སྟོན་རླུང་ལ་ཁེན་དགོས་བྱུང་།

མུ་མཐུད་དེ་ལམ་ལ་ཆས་དགོས།

ལམ་གྱི་ལྗོངས་རྒྱུའི་ཁ་དོག་བརྗེ་འདུག།

ལམ་གྱི་བར་སྣང་ལྷིང་འཇགས་ཀྱི་དབྱིངས་ལ་འཐིམ།

ལམ་གྱི་གཡས་གཡོན་སྟོན་ལོ་སེར་པོའི་བཀང་།

སྟོན་ལོ་སེར་པོ་སྒྱུ་འཕྲུལ་མཁན་ཞིག་དང་འདྲ་པོ་འདུག།

དར་ཅིག་ལ་ང་རང་ཕྱིར་དྲན་གྱི་ཕངས་བར་དྲངས།

སྟོན་ལོ་སེར་པོས་དྲན་པ་རེ་རེ་ལ་བྱིལ་བྱིལ་བྱས།

དྲན་པའི་ལྷུ་ལག་རེ་རེ་སྟོན་གྱི་ཁ་དོག་བསྒོས་བྱུང་།

ཡི་མུག་པ་རེ་འགའ་རྦབ་ཆུ་བརྡོལ་བ་བཞིན་འཕྱུར་ཡོང་།

སྟོན་ཟླ་ལགས།

དེའི་གསེབ་ཀྱི་སྟོན་ལོ་སེར་པོ་ལགས།

ཅུང་ཙམ་བསམ་གཞིག་གི་བར་སྟོང་བྱིན་རོགས།

ཡུན་གྱིས་ང་ཡང་སྟོན་ཟླ་འདི་དང་ཡུག་གཅིག་ཏུ་འདྲེས་ངེས།

༼ ན་བུན་སྨུག་པོ། ༽