国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་ཚེ་མགོན་ཡུལ་ཤོག་གི་རྟ་རྒྱུག།

ང་ཚོ་བོད་ཀྱི་མི་རིགས་ནི་རྟ་མཆོག་གོང་གི་མི་རིགས་ཞེས་གྲགས་པ་དེའང་དོན་དང་ལྡན་ལ་ཅི་འདྲའི་མིང་དོན་མཚུངས་པའི་ཐ་སྙད་ཡིན་ལ། ཐེངས་འདིར་གསར་འགོད་པ་ཁམས་ཀྱི་ཡུལ་གྲུ་རིང་མོའི་མཐིལ་དུ་ཆགས་ཤིང་། མཁའ་དབྱིངས་ཀྱི་གྲོང་ཁྱེར་དུ་གྲགས་པའི་ལི་ཐང་རྫོང་དུ་འབྱོར། ལི་ཐང་ནི་རྟ་མཆོག་གི་ཕ་ས་དང་སྐྱ་རྩལ་གྱི་ཡུལ་གྲུ་ཞེས་གྲགས་པ་འབར་བའི་གནས་དེ་ཡིན་པས། ང་ཚོ་རྫོང་འདིར་འབྱོར་དུས་རྫོང་འདི་གའི་ལོ་གཅིག་གི་དམངས་སྲོལ་དུས་ཆེན་ཏེ་ལི་ཐང་བརྒྱད་པའི་རྒྱལ་སྤྱིའི་རྟ་རྒྱུག་ཆེན་མོའི་དུས་ལ་འཁེལ་འདུག། ད་ལྟའི་ངག་རྒྱུན་དུ་འདི་འདྲ་ཞིག་གྲགས་བཞིན་ཡོད། དཀར་མཛེས་ཁུལ་གྱི་རྟ་རྒྱུག་ཟེར་ན་ལི་ཐང་གི་རྟ་རྒྱུག་ཡིན་ལ། ལི་ཐང་གི་རྟ་རྒྱུག་ཟེར་ན་ཚེ་མགོན་ཡུལ་ཤོག་གི་རྟ་རྒྱུག་ཡིན་ཞེས་ཟེར་སྲོལ་ཡོད། ལི་ཐང་རྟ་རྒྱུག་ཅེས་གྲགས་ཆེ་བ་དེའང་གཙོ་བོ་ཚེ་མགོན་ཡུལ་ཤོག་གི་རྟ་རྒྱུག་ལ་ཐུག་འདུག། ང་ཚོ་ཐད་ཀར་ལི་ཐང་ཚེ་མགོན་ཡུལ་ཤོག་གི་རྟ་རྒྱུག་ཡུལ་དངོས་སུ་བསྐྱོད་པ་ཡིན། ཡུལ་ཤོག་འདི་ནི་འབྲོག་ལས་ཁོ་ན་གཉེར་བའི་ཡུལ་ཤོག་ཅིག་ཡིན་ལ། ལི་ཐང་རྫོང་མཁར་གྱི་བྱང་རྒྱུད་དུ་མཚོ་འཕགས་སྨི4187ཡོད་སར་ཆགས་ཡོད། གནའ་སྔ་མོར་དཔོན་ཚེ་མགོན་ཞེས་པ་དེའི་མངའ་སྡེ་ཡིན་པས་དཔོན་མིང་སྡེ་ལ་ཐོགས་ནས་ཡུལ་སྡེའི་མིང་ལ་ཚེ་མགོན་དུ་གྲགས་ཤིང་རྗེས་སོར་ཚེ་མགོན་ཡུལ་ཤོག་བཙུགས། ཡུལ་ཤོག་གི་མངའ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ967ཡོད་ཅིང་། དུད་ཚང་བདུན་བརྒྱ་ལྷག་དང་མི་གྲངས་སྟོང་བཞི་ལྷག་ཡོད།

རྟ་མཆོག་གོང་ནས་ལག་ཆགས་པའི་ཡུལ་ཤོག་འདི་ཡི་ཕོ་སར་དག་གིས་རྟ་འདོ་བའི་རིགས་ནི་གྲོགས་སུ་བརྟེན་ཞིང་གཉེན་དུ་བསྒོམས་ནས་ཡོད་ལ། ཁོང་ཅག་གི་འཚོ་བ་ནི་རྟ་མཆོག་དང་འབྲལ་མེད་ཡིན་ལ། རྟ་འདོ་བ་ནི་ཁོ་ཚོའི་སེམས་སུ་ཆེས་སྙིང་ཉེ་བའི་གྲོགས་བཟང་པོ་དེ་ཡིན། རྩ་འཛུགས་པའི་བཀོད་སྒྲིག་ལྟར་སྡེ་བ་སོ་སོའི་རྟ་རྩལ་བ་དག་གིས་ལྟད་མོ་བ་ཁྲི་འབུམ་འདུས་པའི་དབུས་ནས་སོ་སོའི་རྟ་མཆོག་གི་རྩལ་ངོམས་བཞིན། རྟ་མཆོག་རྒྱུག་ཞོར་དུ་འབེན་ལ་བོའུ་དང་མདའ་ཡིས་བརྒྱབ་པ། ས་ནས་དར་ལེན་པ། མགོ་ཚག་གཏོང་བ། ༼ ཡུལ་སྐད་ཅིག་སྟེ། རྟ་ཐོག་ནས་མགོ་དང་ཕྲག་སྟོད་ཐང་ལ་དྲུད་དུ་འཇུག་པའི་རྟ་རྩལ་བྱེ་བྲག་ཅིག༽ རྒྱུག་བཞོན་སོགས་རྟ་འདོ་བའི་གོང་གི་སྐྱ་རྩལ་རེ་རེ་ལྟད་མོ་བ་དག་གི་མིག་གི་ལོངས་སྤྱོད་དུ་བསྩལ་ཚེ། སྐྱ་རྩལ་འདི་དག་ལ་ཧ་ལས་དགོས་པའི་ཚོད་དུ་སྣང་། དེང་སྐབས་ལྟར། ཚད་ལྡན་གྱི་རྟ་མཆོག་གསོ་སྦྱོང་དང་རྟ་རྩལ་ར་བ་ཞིག་ནས་རྟ་རྩལ་སྐོར་ལ་ཆེད་སྦྱོང་གི་ལས་ཀར་ཉིན་གཅིག་ལའང་ཞུགས་མ་མྱོང་ཞིང་། དམིགས་བསལ་གྱི་སྦྱོང་ཁྲིད་པ་གཅིག་གིས་མཛུབ་སྟོན་ཀྱང་ཐོབ་མྱོང་མེད་པའི་གསར་བུ་འདི་དག་གི་རྟ་འདོ་བའི་གོང་གི་སྐྱ་རྩལ་རེ་རེས་རྒྱལ་ཕྱི་ནང་གི་ལྟད་མོ་བ་ཀུན་གྱི་ཡིད་ཀྱི་བརྟན་པ་འཕྲོག་ཅིང་སེམས་ཀྱི་དང་བ་འདྲེན།

རྟ་མཆོག་གོང་གི་རྩལ་འདི་དག་མཐོང་ཐེངས་རེ་རེར་སེམས་སུ་བརྗོད་མི་ཤེས་པའི་ཚོར་བ་གཞན་ཞིག་སྟེར་ལ། སྔོན་རབས་ཀྱི་མེས་པོ་དང་དཔའ་བོ་དག་གིས་རྟ་འདོ་བའི་གོང་ནས་མཐོ་བའི་རི་དང་དམའ་བའི་ཐང་ཆེན་བརྒྱུད་དེ་ཡངས་བའི་ས་ཆེན་པོའི་མཐིལ་དུ་ཞབས་རྗེས་བཞག་པའི་མཛད་པ་དེ་དག་ཀྱང་ཡིད་ལ་ཝ་ལེར་དྲན་ཡོང་ལ། དེ་དག་གི་སྙིང་སྟོབས་དང་དཔའ་སྤོབས་ཀྱིས་སྦྲུམ་པའི་དུས་རབས་ཀྱི་སྟོབས་ཤུགས་གཞན་ཞིག་ཀྱང་སེམས་བསམ་པའི་གདིང་ཞིག་ནས་འཁྲུངས་ཡོང་།།

( ཨོ་རྒྱན་དོན་གྲུབ་དང་འཇམ་དབྱངས་བཟང་པོས་བྲིས་ཤིང་པར་བླངས།)