国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས།

སྤྱི་ཟླ8པའི་ཚེས26ཉིན་ལ་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཀྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་དང་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཤིང་གསུང་བཤད་གནང་བ་རེད།

གྲོས་ཚོགས་སུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཅང་ཙེ་མིང་སྐུ་འཁྲུངས་ནས་ལོ་ངོ100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དུ་གནང་བའི་གསུང་བཤད་གལ་ཆེན་ནང་བློ་མཐུན་ཅང་ཙེ་མིང་གི་འོད་སྟོང་འཕྲོ་བའི་འཐབ་འཛིང་གི་སྐུ་ཚེ་ཧྲིལ་པོར་བརྩེ་སེམས་ཟབ་མོ་ལྡན་པའི་སྒོ་ནས་ཕྱིར་དྲན་བྱས་པ་དང་། བློ་མཐུན་ཅང་ཙེ་མིང་གིས་ཏང་དང་མི་དམངས་ལ་བཞག་པའི་ཉམས་པ་མེད་པའི་མཛད་རྗེས་ལ་ཚད་མཐོའི་གདེང་འཇོག་གནང་། ཏང་ཡོངས་ལ་བློ་མཐུན་ཅང་ཙེ་མིང་གི་སྤྱོད་ཡོན་བླ་ན་མེད་པ་ལ་སློབ་སྦྱོང་ཡག་པོ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་མདུན་དུ་བསྐུལ་དགོས།

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཟླ8པའི་ཚེས26ཉིན་ལ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་ལོག་གནོད་འཚེ་ཐེབས་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་བརྒྱུད་བསྒྲགས་བྱས། ཚོགས་འདུར་བསྟན་དོན། ད་སྔར་ཆུ་ལོག་འགོག་པའི་འགག་རྩའི་དུས་སྐབས་ཡིན་པས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་བསྙུང་གནོད་སེལ་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་གནོད་འཚེའི་སྣ་བརྡབས་བསླབ་བྱ་དང་དུ་བླངས་ཤིང་། མཐར་ཐུག་གི་བསམ་གཞིག་དང་མཐིལ་ཚད་བསམ་གཞིག་བརྟན་པོར་བཅངས་ཏེ་ལྷོད་གཡེང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ་ཆུ་ལོག་དང་ས་གཤིས་གནོད་འཚེའི་ཉེན་ཁ་ཆེ་སར་དང་། ཨར་སྐྲུན་ལས་ཡུལ། འགྲིམ་འགྲུལ་མ་ལམ། གད་བཅད་ཁང་སྐྲུན་སོགས་གཙོ་གནད་ས་ཁོངས་ལ་དམིགས་ཏེ་མངོན་མེད་རྐྱེན་ངན་ཚགས་བཤེར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས།

ཚོགས་འདུར《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་ལག་ལེན་བསྟར་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་དར་སྲོལ་གཏོད་གནང་བའི་ལག་ལེན་གསོན་ཉམས་དོད་པོ》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པའི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡང་དག་པ་ཆུད་པ་དང་། མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་ཡོ་བསྲང་ཐིག་པོ། ཐབས་ལམ་གསལ་པོར་བཟོ་བ་བཅས་བྱས་ཏེ་སེམས་ཤུགས་ཏང་དང་མི་དམངས་ཀྱི་དོན་དུ་ལས་སྒྲུབ་བྱ་གཞག་གསར་དུ་གཏོད་པར་གཏང་དགོས། ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་ཚད་གཞི་གལ་ཆེན་ཁོང་དུ་ཆུད་པ་དང་། དོན་དངོས་གཞིར་བཟུང་རྒྱུ་རྒྱུན་འཁྱོངས་ཤིང་། བརྟག་དཔྱད་ཞིབ་འཇུག་ཡང་དག་པ་བྱེད་པ། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ། རང་རྟོགས་ངང་དམངས་ལ་ཇུས་འདྲི་དང་དམངས་ལ་དགོས་མཁོ་འདྲི་བ། ཐབས་ཇུས་ཁག་སྔར་ལས་དོན་དངོས་དང་མཐུན་པ་དང་། དམངས་ཀྱི་འདོད་བློ་དང་མཐུན་པ། ཆོས་ཉིད་དང་མཐུན་པ་བཅས་བྱ་དགོས། “མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པའི”ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་དུས་ཚིགས་གསུམ་པའི་འགག་སྒྲོལ་དང་ལོ་སྨད་དུ་མཇུག་བསྡུ་བའི་འགག་རྩའི་མཚམས་ཚིགས་ལ་དམིགས་ཏེ་ཐོན་ལས་འཕེལ་རྒྱས་དང་ལས་གཞི་འཛུགས་སྐྲུན། དམངས་འཚོ་ལེགས་སུ་གཏོང་བ་སོགས་གཙོ་གནད་ལས་དོན་མགྱོགས་སུ་བསྐུལ་ནས་རྒྱལ་ཕམ་ཐག་གཅོད་ཀྱི་རྣམ་པའི་ཐོག་ནས་ལོ་ཧྲིལ་པོའི་ལས་ཀ་བསྒྲུབ་དགོས།

ཚོགས་འདུར་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)