ཉེ་ཆར། དར་མདོ་གྲོང་ཁྱེར་ཏང་ཨུ་ལས་བྱེད་པ་རྒན་གྲས་ཅུས་ཀྱི་སྣེ་ཁྲིད་འོག། ཝུན་ཅང་དུ་བཅའ་སྡོད་བྱེད་པའི་ཀྲུང་གོ་དར་མདོ་གྲོང་ཁྱེར་གྱི་ལས་འཁྱུར་ངལ་གསོ་བྱེད་པའི་ཏང་ཨུ(འབྲེལ་གཏུག་ས་ཚིགས)ལས་དོན་ཚོ་ཆུང་སྐྱིད་ཐང་གྲོང་རྡལ་དུ་བསྐྱོད་ནས་སློབ་སྐྱོར་རོགས་སྐྱོར་གྱི་བྱེད་སྒོ་སྤེལ། ས་གནས་དེ་གའི་ཁ་གཏད་རོགས་སྐྱོར་གྱི་དཀའ་ངལ་ཡོད་པའི་སློབ་མ2ལ་མི་རེར་རོགས་དངུལ་སྒོར2500སྤྲད་དེ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད།
ད་ཐེངས་ཀྱི་སློབ་སྐྱོར་རོགས་སྐྱོར་བཞུགས་མོལ་ཚོགས་འདུར་རོགས་སྐྱོར་བྱ་ཡུལ་གྱི་སློབ་མ་དང་། ཁྱིམ་བདག། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་བཅས་མཉམ་དུ་འཛོམས་ཡོད། ལས་དོན་ཚོ་ཆུང་གིས་དབུལ་སྐྱོར་རོགས་རམ་ནི་སྲོལ་རྒྱུན་གྱི་སྤྱོད་བཟང་ཞིག་ཡིན་པས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་མི་རྒན་ཚོས་རང་གི་ཤུགས་ཇི་ཡོད་བཏོན་ནས་ས་གནས་ཀྱི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ནང་མུ་མཐུད་དེ་ཞུགས་རྒྱུ་ཡིན་པར་མ་ཟད། རོགས་སྐྱོར་ལས་དོན་དུས་ཡུན་རིང་པོར་རྒྱུན་འཁྱོངས་ནས་སློབ་མ་དེ་གཉིས་སློབ་མཐར་མ་ཕྱིན་བར་དུ་རོགས་སྐྱོར་བྱ་རྒྱུ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རོགས་སྐྱོར་ལས་གཞི་དེ2024ལོར་འགོ་བཙུགས་ཏེ་དར་མདོ་གྲོང་ཁྱེར་མི་རབས་རྗེས་མར་འགན་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་གྲོས་འགོ་བཏོན་ཞིང་གྲོང་ཁྱེར་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་སྒྲིག་འཛུགས་དོན་འཁྱོལ་གྱི་འགན་ཁུར་ཡོད། ད་ཆར། རོགས་སྐྱོར་ཐོབ་པའི་སློབ་མ་གཉིས་ལས་གཅིག་བརྒྱད་ཟིལ་རྫོང་མཐོ་རིམ་སློབ་འབྲིང་དང་གཅིག་སི་ཁྲོན་ཁྲིམས་འཛིན་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་ཡོད། རོགས་སྐྱོབ་ཐོབ་པའི་སློབ་མ་དང་ཁྱིམ་བདག་ལ་སེམས་འགུལ་ཟབ་མོ་ཐེབས་ནས་སློབ་སྦྱོང་ལ་སྡུག་རུས་བྱས་ཤིང་སྦྱང་འབྲས་ཕུལ་དུ་བྱུང་བ་བླངས་ནས་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སྐྱོང་དང་རོགས་སྐྱོར་བྱེད་མཁན་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་ཁས་བླངས་པ་རེད།།
(སྐལ་བཟང་རྒྱ་མཚོས་བསྒྱུར།)
