རབ་དཀར་ཆུ་འཛིན་འཁྲིག་པའི་གུར་ཁང་གི་དབུས་སུ།།
རབ་མཛེས་ཡིད་ཀྱི་དཔལ་ཡོན་ན་ཆུང་གི་སྡུ་གུ །
རབ་སྙན་མགྲིན་པའི་ལང་ཚོ་རྨད་བྱུང་གི་བུ་མོར།།
རབ་གུས་དད་པའི་ཀློང་ནས་བྱིན་རླབས་ཤིག་ཞུའོ།།
མཁྱེན་རབ་ཉི་ཟླའི་རྣ་ཆ་མགུལ་རྒྱན་དུ་འཕྱང་ཞིང་།།
ལས་ཉོན་སྲིད་པའི་སྨག་མུན་རྨེག་མེད་དུ་བཏང་བའི།།
རྒྱལ་ཀུན་ཡུམ་གྱུར་ལྷ་མོ་ཚངས་སྲས་ཀྱི་གཞོན་ནུར།།
སྙན་ངག་སྨྲ་བ་ཀུན་གྱིས་མེ་ཏོག་གཅིག་ཕུལ་ཡོད།།
སྤྲོས་བྲལ་སྟོང་པའི་ངོ་བོ་སྒྲིབ་མེད་དུ་གཟིགས་ཤིང་།།
ཇི་ལྟ་ཇི་སྙེད་ཡེ་ཤེས་ཉི་ཟླ་ལྟར་གསལ་བའི།།
འགྲོ་འདིའི་མུན་སེལ་བྱེད་པོ་ཁྱེད་ཉིད་ཙམ་ཡིན་པས།།
བདག་བློའི་རྨོངས་མུན་དྲ་བ་གཏན་མེད་དུ་ཆོམས་ཤིག །
ཕྱི་ཆས་མཛེས་པའི་བ་དན་བློ་ངོ་རུ་ཤར་ཀྱང་།།
དོན་དམ་སྟོང་པའི་གཤིས་ལ་ཏིང་འཛིན་གྱིས་རོལ་བའི།།
སྤྲོས་མེད་དབྱིངས་སུ་འཐིམ་པའི་རྒྱས་སྲས་ཀྱི་སེམས་མ།།
དད་ལྡན་བུ་ངའི་སྤྱི་བོར་འབྲལ་མེད་དུ་བཞུགས་མཛོད།།
ཕྱག་ཟུང་པི་ཝང་ཐོགས་པའི་དབྱངས་ཅན་གྱི་ལྷ་མོ།།
སྙན་ཚིག་ཡོལ་བ་ཕྱེ་པའི་མགྲིན་པ་རུ་ཕེབས་ནས།།
བརྩེ་ཆེན་སྙིང་རྗེའི་རོལ་གར་ཕྱོགས་མེད་དུ་སྟོན་པའི།།
མ་གཅིག་རྗེ་བཙུན་འཕགས་མ་སྙིང་དབུས་ནས་དད་ཡོད།།
ཡོད་ན་ཤོར་ལ་དོགས་པའི་རེ་བ་དེ་མ་བཅང་།།
མེད་ན་ཡོད་པར་སྨོན་པའི་འདུན་མ་ཡང་མེད་པའི།།
གུ་ཡངས་ཏིང་འཛིན་ཟས་ལ་གཡུང་དྲུང་དུ་རོལ་བའི།།
ཤེར་ཕྱིན་ཡུམ་གྱུར་ཁྱེད་ནི་དབྱངས་ལྡན་གྱི་ལྷ་མོ།།
ཕྱག་ཟུང་སྨྱུ་གུ་དང་འགྲོག་སྙན་ངག་གི་མགྲིན་ནས།།
གསོལ་མཆོད་ཀི་ཀི་རིང་མོ་ཉིན་མཚན་དུ་བླངས་ཤིང་།།
འགྱུར་མེད་དད་པའི་ལྡེ་མིག་ཁྱེད་ཉིད་ཙམ་གཏད་པས།།
སྙན་འཇེབས་གླུ་དབྱངས་རྒྱལ་མོའི་སྒོ་ཆེན་དེ་ཕྱེས་ཤིག །
༼ རང་མདངས། ༽
