国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲོད་དང་མཁའ་དབུགས་ འཚོལ་བ།

ད་ལྟའི་ང་རང་ལ་མཚོན་ན།

ཁ་རོག་གེར་དང་ཁུ་སིམ་མེར་སྡོད་པ།

ལྷིང་འཇགས་ཀྱི་རྣམ་གྲངས་གཞན་ཞིག་མ་རེད།

ནང་སེམས་ཀྱི་འུར་ཟིང་སྲང་གི་འདུ་འགོད་ལྟར་དུ་བྲེལ་སྟངས་ཤིག་རེད།

དགོང་ཞོགས་རེ་རེ་བཞིན་ཕྱི་རོལ་ནས་བཞད་ཅིང་།

བདེ་སྡུག་དང་སྐྱེ་འཆི་མཐའ་དག་འཇིག་རྟེན་འདི་ནས་ཚེས་ཀྱང་།

སྨྲ་བ་མེད་པར་ཁུ་སིམ་མེར་གྱུར་དོན་ནི།

སེམས་ཀྱི་གནས་མལ་བོར་སྟངས་ཤིག་མིན་ནམ།

ང་དང་འབྲེལ་བ་མེད་པ་འདྲ་ལ་ཡོད་ཡོད་དང་འདྲ་བའི་

དུས་ཚོད་དང་བར་སྟོང་། མི་དང་བྱ་དངོས་གཞན་དག།

མ་ངེས་པའི་རིས་དབྱིབས་ཤིག་ལ་བལྟས་པ་བཞིན།

རང་ལ་བསྟན་པའི་རྣམ་འགྱུར་དག་ཀྱང་ངེས་གཏན་ཅི།

ད་ལྟ། རྐང་ལག་ཤེད་ཀྱིས་བརྐྱང་འདོད་ཅིང་།

མིག་ཟུང་དང་རྣམ་རིག་སྤྱད་དེ་ཐང་ཡངས་པོའམ།

རྒྱ་ཆོན་ཆེ་བའི་ནམ་མཁའ་ལ་ཕྱོགས་དགོས་པའི་སྣང་བ་སྐྱེ།

ཁོར་ཡུག་ཆུང་དྲགས་ཏེ་དབུགས་འཚངས་ཤིང་།

སྙིང་ཁ་ནས་མནན་ཡོང་བའི་སྣང་བ་དེ་དག།

ངས་རང་སེམས་གུ་དོག་གི་རྙི་རྒྱ་ཞིག་ཏུ་བཙུད་པས་ཡིན་ནམ།

འཚོ་བ་དང་མི་ཚེར་བཅངས་པའི་ལྟ་ཚུལ་ཐབས་རྡུགས་པས་ཡིན་ནམ།

གང་ལྟར་དབྱར་དགུན་གྱི་དུས་ཚོད་ངེས་མེད་དུ་གྱུར་ཀྱང་།

ང་ལ་རྒྱུན་གཏན་གྱི་དྲོད་དང་མཁའ་དབུགས་ཡོད་དགོས་པའི་སྣང་བ་སྐྱེ།

དེ་ནི་སྐྱེ་དངོས་ཤིག་མུ་རུ་འཇིག་རྟེན་འདིར་འཚོ་སྡོད་བྱེད་པར།

ཆུ་དང་ཉི་འོད་མཁོ་བ་བཞིན་ང་ཡང་དེ་ལས་མ་འདས་པ་འདྲ །

༼ ཞོགས་རྫ་རྔ། ༽