༡
རིང་མིན་ཐུང་མིན་འཇིག་རྟེན་འདི་རུ།།
དཀའ་སྡུག་སྟོང་གི་རི་རབ་ལྷུན་པོར།།
སྤོབས་པས་བརྒལ་བའི་སེམས་ཤུགས་ལྡན་པའི།།
འཇིག་རྟེན་རྒྱན་གཅིག་ཡབ་ཆེན་དམ་པ།།
༢
རྒྱུ་ཆེན་ཕྱུག་པོའི་ཁྱིམ་དུ་མ་སྐྱེས།།
དབང་ཆེན་དཔོན་པོའི་སྲས་སུ་མ་འཁྲུངས།།
དཀྱུས་མའི་འབྲོག་གི་སྦྲ་ཁྱིམ་སྨུག་པོར།།
ཐོག་མར་ངུ་སྐད་འཕོས་པའི་ཡབ་ཆེན།།
༣
མི་རྟག་འཁོར་བའི་རང་གཤིས་བཙན་པོས།།
གཅེས་པའི་མ་ལ་ཁ་འབྲལ་བྱུང་བས།།
སྡུག་གི་མུན་པ་གང་སར་འཐིབས་ཀྱང་།།
དཀའ་བའི་ལ་མོ་བརྒལ་བའི་ཡབ་ཆེན།།
༤
དབང་ཆེན་དཔོན་པོའི་རྗེས་འབྲངས་མི་སྤྲོ།།
ཉམ་ཆུང་མི་ལ་འཕྱ་སྨོད་མི་དགའ།།
རང་ལ་དབང་བའི་རང་གི་འཚོ་བ།།
རང་གིས་སྐྱོང་པའི་བདག་གི་ཡབ་ཆེན།།
༥
ཆུང་དུས་ཕ་མའི་བརྩེ་བ་བོར་བས།།
གཉེན་དང་ཉེ་དུའི་ལྟ་སྐྱོང་དབེན་ཞིང་།།
འཁྱམ་པའི་ལོ་ཟླ་ས་མཐར་སྐྱེལ་བའི།།
སེམས་ཀྱི་མི་བུ་བདག་གི་ཡབ་ཆེན།།
༦
རང་ཉིད་སྡུག་གི་ཀློང་ན་འཚོས་པས།།
སྐྱིད་ཀྱི་ཉི་མ་འཆར་བར་དཀོན་ཡང་།།
བུ་ལ་བརྩེ་བའི་དྲོད་ཁོལ་སྦྱིན་པའི།།
བྱམས་བརྩེའི་བདག་པོ་ཡབ་ཆེན་དམ་པ།།
༧
ཆོས་ལྡན་བོད་ཀྱི་ཞིང་དུ་སྐྱེས་པས།།
ཆོས་དང་སྐད་ཡིག་གང་འཚམ་སྦྱངས་ཡོད།།
ཆོས་ལ་མཁས་པའི་བློ་གྲོས་མེད་རུང་།།
ཆོས་ལ་དད་པ་བརྟན་པའི་ཡབ་ཆེན།།
༨
ཡི་གེ་དྲུག་མའི་ཞིང་ནས་འཚར་བས།།
ཀུན་ལ་བརྩེ་བས་སྐྱོང་བ་མེད་ཀྱང་།།
གཅིག་ལ་མི་བྱམས་ཚུལ་འདི་མེད་པའི།།
བོད་ཀྱི་སྲས་པོ་བདག་གི་ཡབ་ཆེན།།
༩
རང་ཉིད་ལྟོ་སྐྱ་གོས་ཧྲུལ་ངང་ནས།།
འཚོ་བའི་གྲུ་ཟུར་རེ་རེ་བརྒྱུད་དེ།།
བུ་ལ་གང་ཞིམ་གང་ཡག་གནང་བའི།།
རང་ལས་གཞན་གཅེས་བདག་གི་ཡབ་ཆེན།།
༡༠
གཞལ་དཀའ་དྲིན་གྱིས་ནམ་ཡང་སྐྱོང་བའི།།
དྲིན་གྱི་བདག་པོ་ཡབ་ཆེན་དམ་པ།།
ཀྱག་ཀྱོག་འཚོ་བ་གང་ལ་འཕྲད་ཀྱང་།།
རྒྱབ་རྟེན་སྡོང་གྲོགས་ཡབ་ཆེན་གཅིག་པུ།།
༡༡
སྐྲ་དཀར་ཡབ་ཆེན་རྒན་པོའི་དྲིན་ལན།།
ཚེ་འདིར་དོན་གྱིས་གཞལ་བར་དཀའ་ཡང་།།
མི་བརྗེད་སེམས་ཀྱི་དན་རྟགས་དཀར་པོ།།
ཡབ་ཆེན་དགྱེས་བའི་གསོས་སུ་འབུལ་ལོ།།
༡༢
དུང་ཟླ་ལྟ་བུའི་ཡབ་ཆེན་དམ་པ།།
སྐུ་ཚེ་རྒྱལ་མཚན་རི་རབ་བརྟན་ཞིང་།།
གསུང་གི་བདུད་རྩི་འགག་མེད་འཁྱིལ་ཏེ།།
ཐུགས་ཀྱི་བཞེད་དོན་མཐའ་དག་འགྲུབ་ཤོག།
༡༣
ཡབ་ཆེན་རུས་པ་ཅན་པོའི་མཛད་རྣམ།།
ཆ་ཙམ་བརྗོད་པའི་བློ་གཤོག་དབེན་ཀྱང་།།
དྲི་མེད་སེམས་ཀྱི་གུས་པ་མཚོན་ཕྱིར།།
སྙན་པའི་ངག་གི་ཕྲེང་བ་བརྡོལ་སོང་།།
༼ སྨྱུག་ཞེན། ༽
