国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྷ་མོ་དབྱངས་ཅན་མའི་བསྟོད་པ་བཞུགས་སོ།།

ཐབས་མཁས་ཐུགས་རྗེ་འགྲོ་ཀུན་རྗེས་འཛིན་མ།།

སྟོན་ཟླ་རབ་རྒྱས་དཔལ་ལས་ལྷག་པར་མཛེས།།

ཐབས་ཤེས་ཟུང་ལྡན་དབྱངས་ཅན་ལྷ་མོ་ལགས།།

གུས་པས་འདུད་དོ་སྙན་ངག་སྦྲང་ཆར་སྩོལ།།

དཔྱིད་དཔལ་གསུང་གི་རང་སྒྲ་ཐོས་འཛིན་བཅུད།།

སྙིགས་དུས་འགྲོ་བའི་སྐྱབས་ཀྱི་མགོན་པོ་རྗེ།།

མ་དག་སྲིད་པའི་གྲོང་ལས་འདྲེན་མཛད་མ།།

ཐུགས་རྗེ་ལྕགས་ཀྱུའི་ཞགས་ཐོགས་འཕགས་མ་ལགས།།

འཛུམ་ཞལ་ཆུ་སྐྱེས་པདྨོའི་མདངས་ལ་རྩེན།།

ཚངས་དབྱངས་སྙན་པས་རྨོངས་མུན་རྩད་ནས་འཇོམས།།

འཛུམ་མདངས་མངོན་པར་བཞད་པའི་གེ་སར་ཕྲེང་།།

ཚངས་སྲས་ལྷ་མོར་གུས་ཕྱག་ལན་བརྒྱར་འདུད།།

སྒྱུ་འཕྲུལ་དབྱངས་ཀྱི་མེ་ཏོག་ཁྲ་ལེར་བཀྲམས།།

ལང་ཚོའི་གཟི་འོད་ཉི་ཟླའི་སྐུ་ཕྲ་བ།།

རིག་བྱེད་རྒྱུ་མངས་དཀྲོལ་བའི་ལྷ་མོ་ཀྱེ།།

མཆོད་བསྟོད་ངག་གི་ཕྲེང་བ་ཆད་མེད་འདྲེན།།

དབྱངས་ཅན་སྐུ་ཡི་ཟླ་གཞོན་མཛེས་པའི་མདངས།།

མ་ལྟར་བརྩེ་བས་རིགས་དྲུག་ཀུན་ལ་གཟིགས།།

ལྷ་ལམ་ཡངས་པའི་འཇིག་རྟེན་གཉིས་པ་རུ།།

སྙན་ངག་ལམ་ལ་འདྲེན་མཁས་དབྱངས་ཅན་མ།།

དབྱངས་གསལ་སོ་བཞིའི་སོ་ཕྲེང་མངོན་པར་བཞད།།

དབྱངས་གཅིག་གིས་ཀྱང་གདངས་ཀུན་ཟིན་གྱིས་གནོན།།

དབྱངས་ཀྱི་ཞལ་བཟང་པདྨའི་དྲི་བསུང་ཅན།།

དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།།

༼ རིག་རྫི་བསམ་གཏན། ༽