国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྩེ་བའི་ཉི་འོད་མོག་པོ།

འཛུམ་དཀར་ཟླ་བ་རྒྱས་པའི་ཕ་མཐའ་ན།།

དྲན་གདུང་ཚོར་བས་བརླན་པའི་སྟངས་ཀ་ན།།

ཡིད་ལ་དབང་མེད་ཟུག་པའི་བརྩེ་བའི་གྲོགས།།

མ་བཅོས་དྲན་པའི་སྨེང་བ་ཕྱོགས་སུ་ཤོར།།

དབྱངས་བདུན་ངག་གི་རོལ་ཆ་དཀྲོལ་བ་ནས།།

ཚིག་སྦྱོར་མེ་ཏོག་དཀར་དམར་རྒྱུ་བའི་སར།།

ཁྱོད་ནི་གསུང་ཞིམ་འཐུལ་བའི་འཇོ་སྒེག་མཁན།།

ཞུ་འཕྲིན་མུ་ཏིག་རྡོལ་བའི་འཁྲིས་སུ་བཞད།།

མཛེས་མཛེས་ལང་ཚོའི་ཆེ་བ་སེམས་སུ་ཡོད།།

ཟབ་ཟབ་དུང་བའི་སྙིང་གཏམ་མཉན་ནས་ཡོད།།

དཀར་དཀར་བཞིན་རས་འདྲེན་པའི་དཔལ་དུ་རོལ།།

ལྡེམ་ལྡེམ་ལུས་ཀྱི་འཁྲི་ཤིང་ཡིད་ལ་སྒོམ།།

ཁྱོད་རང་བརྩེ་བས་འཛུམ་པའི་སྤང་ལྗོངས་སུ།།

ང་རང་གྲོགས་མེད་གཡུ་སྦྲང་བུང་བ་བཞིན།།

སེམས་ནས་སྐྱབས་བཅོལ་བྱས་པ་དང་བླངས་པས།།

ཡིད་འདི་དགའ་ཞིང་སྤྲོ་བའི་ཞིང་ལ་དྲངས།།

མ་བཅོས་རིང་དུ་གནས་པའི་གཤིས་བཟང་དེ།།

སྲིད་འདིར་བདག་གི་བགོ་སྐལ་བྱུང་བས་ཚིམ།།

ངས་ཀྱང་གཡོ་ཅན་བརྫུན་གྱིས་མ་བསླད་པའི།།

བརྩེ་བའི་སྙིང་གཏམ་ཟབ་མོ་ཁྱོད་ལ་བསྔགས།།

རྒྱག་རིང་བྱེ་ཐང་ཞིག་ནས་ཁེར་རྐྱང་དུ།།

ལན་ཅིག་འཚོ་དུས་མི་སེམས་སྟོང་ན་ཡང་།།

ལོ་དེར་ཁྱོད་རང་རྙེད་པའི་དུས་བཟང་ནས།།

ཁེར་རྐྱང་སྐྱོ་བའི་གདུང་ཡུས་ཆུ་ལ་བསྐུར།།

རང་བྱུང་སྐྱེད་ཚལ་སྒེག་མོའི་འདབས་རོལ་ནས།།

དུས་ཀྱི་འགྱུར་བ་མེད་པར་ཁྱོད་རང་ནི།།

བརྩེ་བའི་འདབ་མ་ཐོར་ནས་བཞད་པ་དེ།།

ང་ཡི་མི་ཚེའི་ནང་གི་རྟེན་སྐལ་ཡིན།།

ཁྱོད་ནི་ནམ་མཁའ་ཡངས་པའི་ཕ་མཐའ་ནས།།

སྟེང་འཕུར་དང་ནི་འགྲོགས་ནས་མི་འགྲོ་བར།།

རྟག་བརྟན་བདག་ལ་ཟུར་མིག་ཡུན་གཏད་ནས།།

ང་ཡི་མཐོངས་སུ་ནམ་ཡང་འཛུམ་པར་གནངས།།

དེ་ལྟ་མོད་ཀྱི་འཇིག་རྟེན་སྤང་གི་གཞུང་།།

དགའ་སྐྱོའི་གཞས་ཆུང་ང་སར་ཡུན་འགུགས་ནས།།

འདྲེན་པའི་དཔལ་གྱུར་དར་བབ་ལང་ཚོ་དག།

གང་གིས་སྒྲིབ་མེད་གསལ་པོར་མཐོང་བས་སྐྱིད།།

༼ ཁམས་ཟླ་སྲས། ༽