国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མི་ཕོ།

མི་ཕོ ཁྱེད་ཀྱི་མགོ་ཐོག་ཏུ།

སྤྲིན་པ་ལེབ་མོ་འཁོར་སའི་ནམ་མཁའ་མི་འདུག།

ཆར་པ་ཟམ་ཟིམ་འབབ་སའི་བར་སྣང་མི་འདུག།

ཁྱེད་ཀྱི་འཆར་ཡན་དང་གཏམ་རྒྱུད་བཤད་སའི་ཉི་ཟླའང་མི་འདུག་སྟེ།

ཐ་ན། ཁྱེད་ཀྱི་རྩེད་ཡ་དགོད་གྲོགས་སུ་འབོད་པའི་སྐར་ཚོགས་ཀྱང་མི་འདུག།

མི་ཕོ། ཁྱེད་ཀྱི་མཐའ་འཁོར་དུ།

རླུང་དང་རྣམ་ཤེས་འཕྱོ་སའི་རི་སྒང་མི་འདུག།

སྡུག་དང་མིག་ཆུ་བསྐུང་སའི་ན་ཐང་མི་འདུག།

ཁྱེད་ཀྱི་རེ་བ་དང་རྫི་གླུ་ལེན་སའི་བུ་མོའང་མི་འདུག་སྟེ།

ཐ་ན། ཁྱེད་ཀྱི་ཁ་ཡ་ན་ཟླ་རུ་འབོད་པའི་མི་སྡེ་ཡང་མི་འདུག།

མི་ཕོ། ཁྱེད་ཀྱི་ཨམ་ཕྲག་ཏུ།

འདང་དང་བརྩེ་བ་ཉོ་བྱེད་ཀྱི་དངུལ་ལོར་མི་འདུག

གཏམ་དང་ཁ་ལྕེ་ངོམས་བྱེད་ཀྱི་ཨ་རག་མི་འདུག

ཁྱེད་ཀྱི་ཡིད་ཆེས་དང་སྙིང་གཏམ་གླེང་སའི་མཛའ་མོའང་མི་འདུག་སྟེ།

ཐ་ན། ཁྱེད་ཀྱི་ང་རྒྱལ་དང་སྤོབས་པ་རུ་འབོད་པའི་སྙན་ངག་ཀྱང་མི་འདུག

མི་ཕོ། ཁྱེད་ཀྱི་ཐོག་དང་མཐའ།

སྒང་དང་གཤོང་། གཡས་དང་གཡོན་གང་དུའང་།

མེད་མུག་དང་ཁྲེལ་འཛུམ་གྱི་བཙའ་ཆགས་འདུག་ལ།

མངོན་ལྐོག་དང་འཐེན་འཁྱེར་གྱི་དར་ཆགས་འདུག

ཐ་ན། མཛེས་སྡུག་གི་ལང་ཚོ་འབྲི་སའི་ཤོག་ལྷེ་སྤབས་འདུག་ལ།

རྒས་འཁོགས་ཀྱི་ལག་པ་བསྲོ་སའི་མེ་ལྕེ་ཡང་གཟིམས་འདུག

མི་ཕོ། ལྦུ་རག་གི་དམ་སྟོང་ཁ་ནས་འཚོ་བ་མཐོང་བྱུང་ངམ།

ཟོལ་བཅོས་ཀྱི་འུད་བསྟོད་བར་ནས་རང་གཟུགས་གསལ་བྱུང་ངམ།

འཁྲབ་སྟོན་གྱི་བར་སྟོང་དེ་ནས་ཡིག་འབྲུ་ངུས་སོང་ངམ།

མི་ཕོ། དད་པ་དང་དད་སྟོབས་སྦྲེལ་བའི་དམུ་ཐག་གི་ཤུགས་གླུ་ཐོས་བྱུང་ངམ།

མུན་པ་དང་བྲེད་ཤ་བཙོས་པའི་མི་ཚོགས་ཀྱི་ཆོ་ངེ་ཚོར་ཡོད་དམ།

ང་རང་ཡུལ་ལ་མི་ཐོན་པ་ནང་བཞིན།

ཁྱེད་རང་ཕ་ཡུལ་ལ་འབྱོར་ཐུབ་བམ།

ངས་ནི་རང་ས་མ་རྙེད་པ་ཇི་བཞིན།

ཁྱེད་ཀྱིས་ཕ་ཡུལ་བོར་འགྲོ་འམ།

ཉིན་མཚན་དྲུས་དྲུག་ཏུ་བརྩེ་བ་རུམ་པས་ཆུང་མའང་དཔའ་བྱུང་།

ལོ་ཟླ་རེས་མོས་སུ་ཡིད་ཆེས་སྒོམ་པས་མཆེད་གྲོགས་ཀྱང་སྡང་སོང་།

དུས་ཀྱི་སློག་རལ་གྱི་མཐིལ་ལ་ཐ་སྙད་ཀྱི་མིག་ཆུ་འཁྱིལ་བས།

མུན་པའི་ཨམ་གཙིགས་ཀྱི་བར་ལ་བདེན་པའི་འོད་ཟེར་ཐིགས་སྲིད་དམ།

༼ ཚེ་ཤིས་ལྷ་དོན། ༽