ཉེ་ཆར། ཀྲུང་དབྱང་བསམ་པའི་ཤེས་དཔལ་འཛུགས་སྐྱོང་གཞུང་དོན་ཁང་དང་སློབ་གསོ་པུའུ། གུང་གཞོན་ཚོགས་པའི་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཉེ་ཆར་ལིའོ་ཉིང་ཧྲེན་དབྱང་དུ་མཉམ་འབྲེལ་ཐོག2026ལོའི་རྒྱལ་ཡོངས་ཀྱི་དུས་རབས་གསར་པའི་ན་ཆུང་བཟང་པོའི་སྔོན་ཐོན་བྱས་རྗེས་བསྒྲགས་པའི་མཛད་སྒོ་སྤེལ་བ་དང་། སྤྱི་ཚོགས་ལ་ན་ཆུང་ཕུལ་བྱུང50ཡི་སྔོན་ཐོན་བྱས་རྗེས་བསྒྲགས་པ་རེད།
ཡོངས་བསྒྲགས་མཛད་སྒོར་མེ་སྟག་ན་ཆུང་ཞེས་པ་གཙོ་དོན་དུ་བྱས་ཏེ། གསོན་ཉམས་ལྡན་པའི་བྱས་རྗེས་བརྙན་ཐུང་དང་ལྷག་བསམ་ཟོལ་མེད་ཀྱིས་མི་སེམས་སྐུལ་བའི་གཏམ་རྒྱུད་གླེང་བ། རྣམ་པ་སྣ་ཚོགས་ཀྱི་གར་སྟེགས་སུ་མངོན་པ་བཅས་ཀྱི་ཐོག་ནས་ན་ཆུང་བཟང་པོ50ཡི་བྱས་རྗེས་གཅིག་བསྡུས་ཐོག་བསྒྲགས་པ་རེད། ན་ཆུང་བཟང་པོ50ནི་ས་གནས་ཁག་གིས་དུས་རབས་གསར་པའི་ན་ཆུང་བཟང་པོའི་དྲིལ་སྒྲོག་སློབ་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བའི་རྨང་གཞིར་སློབ་མས་རང་ཉིད་འོས་སྦྱོར་དང་ཕན་ཚུན་འོས་སྦྱོར། དགེ་རྒན་དང་ཁྱིམ་བདག། སྤྱི་ཚོགས་བཅས་ཀྱིས་འོས་སྦྱོར་བྱས་པ་ལས་བྱུང་བ་རེད། ཁོ་ཚོས་སྤྱོད་ཡོན་གཉིས་ལྡན་དང་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་གཏོང་བ་དང་གསར་བརྗེའི་སྙིང་སྟོབས་བརྒྱུད་འཛིན། སློབ་སྦྱོང་ལ་འབད་བརྩོན། ཚན་རིག་ལ་དགའ་བ། གཞན་ཕན་གྱི་ལས་ལ་དགའ་བ། འབད་བརྩོན་ལྷོད་མེད་སོགས་གནས་ཚུལ་མངོན་པ་རེད།
བྱེད་སྒོའི་ཡུལ་དངོས་སུ་དབྱིངས་བསྐྱོད་དཔའ་བོ་དབྱང་ལི་ཝུའེ་དང་ཀྲུང་གོ་རིག་དངོས་སློབ་ཚོགས་ཀྱི་ཚོགས་གཙོ་ཀུའུ་ཡུས་ཚའེ། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དབྱང་སུའུ་ཅིང་། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་འཛིན་མཁན་ལི་ཞའོ་ཞ་སོགས་སྐུ་མགྲོན་དང་དུས་རབས་གསར་པའི་ན་ཆུང་བཟང་པོ་ཚོ་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཏེ། ཁོ་ཚོར་ཕུགས་བསམ་ཆེན་པོ་བཅངས་ནས་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་གང་ཐུབ་བྱས་ཏེ་འཚར་ལོངས་བྱུང་རྗེས་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱ་དགོས་པའི་སྐུལ་ལྕག་བྱས་པ་རེད། ཡོངས་བསྒྲགས་མཛད་སྒོར་དུས་རབས་གསར་པའི་ན་ཆུང་བཟང་པོ་ཚོས་མི་ཚང་མས་ཕུགས་འདུན་ཡོད་པ་དང་སློབ་སྦྱོང་ལ་དགའ་བ། ངལ་རྩོལ་ལ་དགའ་བ། དྲིན་ཚོར་ཤེས་པ། མཛའ་མཐུན་ཤེས་པ་བཅས་བྱས་ནས་གསར་གཏོད་བྱེད་ཕོད་པ་དང་འབད་ཐབས་བྱེད་ཕོད་པ། ཀུན་སྤྱོད་དང་ཤེས་རིག། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་ན་ཆུང་བཟང་པོ་བརྩོན་ལེན་བྱ་རྒྱུ་དང་། ཏང་དང་རྒྱལ་ཁབ་ལ་དགའ་བ་དང་སློབ་སྦྱོང་ལ་འབད་བརྩོན་ཆེ་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་དུས་རབས་གསར་པའི་ན་ཆུང་བཟང་པོ་བརྩོན་ལེན་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་བཟུང་ཀྲུང་དབྱང་བསམ་པའི་ཤེས་དཔལ་འཛུགས་སྐྱོང་གཞུང་དོན་ཁང་སོགས་གཙོ་གཉེར་ཚན་པ་ཡིས་རྒྱལ་ཡོངས་ཀྱི་དུས་རབས་གསར་པའི་ན་ཆུང་བཟང་པོའི་སྔོན་ཐོན་བྱས་རྗེས་ཁག10མུ་མཐུད་དེ་བསྒྲགས་པ་དང་། སྔོག་འདོན་མཐར་ཕྱིན་བརྒྱུད་དེ་ཟུར་ཚད་མང་པོ་ནས་ན་ཆུང་བྱིས་པའི་ཉེ་འགྲམ་དུ་བྱུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་སྟོན་པ་དང་། བརྩེ་རུང་བ་དང་བཀུར་རུང་བ། ཡིད་ཆེས་རུང་བ། སློབ་སྦྱོང་རུང་བ་བཅས་ཀྱི་ན་ཆུང་བྱིས་པའི་དཔེ་མཚོན་བཀོད་དེ། སྐྱེ་བོ་ནར་མ་སོན་པའི་ཁྲོད་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་ལ་བརྩོན་ལེན། དུས་རབས་གསར་པའི་ན་ཆུང་བཟང་པོ་བྱ་རྒྱུའི་ཁོར་ཡུག་བཟང་པོ་བཏོད་པ་རེད།། ( བདེ་ཆེན་གྱིས་བསྒྱུར།)
