རི་ཆུའི་བཀོད་པ་མཛེས་ཤིང་ན་བུན་ལང་ལོང་དུ་རྒྱུ་བའི་ཞོགས་པ་དེར། གསེར་རྟ་རྫོང་ཧོར་ཤུལ་ཡུལ་ཤོག“སྐྱ་མི་སྒྲོག་འགྲེལ་རུ་ཁག”གི་རུ་མི་ཚོ་བག་ཟེ་ཁོག་གྲོང་སྡེ་དང་ལྗགས་ཁོག་གྲོང་སྡེར་འཛོམས་ནས། རྟ་ལ་སྒ་ཆ་བསྟད་ཅིང་རྒྱ་བོད་སྐད་གཉིས་ཀྱི་སྲིད་ཇུས་བཀླག་དེབ་དང་། མེ་ཟོན་དྲིལ་སྒྲོག་ལག་དེབ། ཐོག་འགོག་ཉེན་གཡོལ་ལག་དེབ། ཉེན་མེད་ཐོན་སྐྱེད་བརྡ་ཐོ་བཅས་ཆ་ཚང་བསྡུ་གསོག་བརྒྱབ་ནས་ལམ་ལ་ཆས་པ་རེད། སྐྱ་མི་བཅུ་ལྷག་ཞོགས་པའི་ཉི་འོད་དང་འགྲོགས་ནས་རྒྱང་རིང་གི་འབྲོག་ཁུལ་ལ་ཕྱོགས་ནས། གངས་རི་དང་རྩྭ་ཐང་བརྒལ་བའི་སྒྲོག་འགྲེལ་ལམ་བུར་བསྐྱོད་འགོ་བརྩམས།
དཀན་གཟར་རི་དང་ཀྱག་ཀྱོག་ལམ་འཕྲང་དག།
ཁྱད་དུ་བསད་ནས་དྲིལ་སྒྲོག་ལས་ལ་བརྩོན།།
བག་ཟེ་ཁོག་གྲོང་སྡེ་དང་ལྗགས་ཁོག་གྲོང་སྡེ་གཉིས་ནི་ཧོར་ཤུལ་ཡུལ་ཤོག་གི་ཆེས་ཐག་རིང་བའི་སྲིད་འཛིན་གྲོང་སྡེ་གཉིས་ཡིན་ཞིང་། ཡུལ་ཤོག་སྲིད་གཞུང་དང་བར་ཐག་སྤྱི་ལེ120ཙམ་ཡོད་ཅིང་བྲག་མགོ་རྫོང་གི་མཁར་ཉ་ཡུལ་ཤོག་དང་འབྲེལ་ཡོད། གྲོང་སྡེ་གཉིས་ཀྱི་དུད་ཚང173དང་འབྲོག་པ830སྤྱི་ལེ་གྲུ་བཞི་མ་བཅུ་ཕྲག་ཁ་ཤས་ཡོད་པའི་མཐོ་སྒང་གི་རི་ཀླུང་ཀུན་ཏུ་ཁ་ཐོར་དུ་ཆགས་ཡོད། དུད་ཚང་བར་ཐག་ཉེ་ཤོས་ལ་སྤྱི་ལེ་ཁ་ཤས་དང་རིང་ཤོས་སྤྱི་ལེ་བཅུ་ཕྲག་གིས་བརྒྱངས་ཡོད་ཅིང་ཀྱག་ཀྱོག་གི་ལམ་འཕྲང་དེ་དག་ཆུ་དང་གཙང་པོས་བཅད་ཡོད་ལ་རླངས་འཁོར་འགྲོ་ཐབས་བྲལ་བས་རྟ་ཞོན་པའམ་རྐང་ཐང་དུ་འགྲོ་དགོས་པ་རེད།
འབྲོག་སར་བསྐྱོད་པའི་ལམ་བུ་འདིར་སྒྲོག་འགྲེལ་རུ་མི་ཚོ་ལོ་ཁ་ཤས་ལ་སོང་ཟིན་པ་རེད། རི་འདབས་ནས་འབྲོག་ཁུལ་ལ་བསྐྱོད་སྐབས་ས་བབ་ཇེ་མཐོ་དང་གསོ་རླུང་ཇེ་དཀོན་ཡིན་ལ། རི་བོ་དཀན་གཟར་ཡིན་པར་མ་ཟད་གནམ་གཤིས་འགྱུར་ལྡོག་ཧ་ཅང་ཆེ། ལམ་ཁ་འདིར་ཉེན་ཁ་ཆེ་ཡང་རུ་མི་གཅིག་གིས་ཀྱང་འཁང་ར་བྱེད་མྱོང་མེད་ལ་
ཕྱིར་ལོག་མཁན་ནི་དེ་བས་ཀྱང་མེད། ལོ55ལ་སོན་པའི་སྒྲོག་འགྲེལ་རུ་མི་ཐོའུ་ཏུའོ་ཡིས་ལོ་རེ་བཞིན་དུ་མ་སྐུལ་དང་ལེན་ངང་སྒྲོག་འགྲེལ་ལ་འགྲོ་བའི་རེ་བ་ཞུས་པ་དང་། ཁོང་གིས་ཡིད་ཆེས་ཆེན་པོས་ན་གཞོན་རུ་མི་ཚོར་རྩྭ་ཐང་གི་འབྲོག་པས་ལོ་ལྟར་ནོར་ལུག་འཚོ་བཞིན་ཡོད་པ་རེད། ཡུལ་ཤོག་གྲོང་རྡལ་དང་བར་ཐག་རིང་བས་ང་ཚོའི་འགྲོ་སྐྱོད་ལ་དཀའ་ཚེགས་ཆེ་ཡང་སྲིད་ཇུས་ཡང་དག་པ་བསྒྲགས་ཐུབ་པ་བྱ་དགོས།འབྲོག་དུད་ཚང་མས་ཏང་གི་སྲིད་ཇུས་མ་གོ་བ་མེད་མཁན་བྱ་དགོས་ཞེས་བཤད།
བག་ཟེ་ཁོག་གྲོང་སྡེ་དང་ལྗགས་ཁོག་གྲོང་སྡེ་གཉིས་ཀྱི་འབྲོག་པ་ཁ་ཐོར་དུ་གནས་པ་དང་གཅིག་སྡུད་ཐོག་སྒྲོག་འགྲེལ་བྱེད་དཀའ་བའི་དོན་དངོས་ལ་དམིགས་ཏེ་ས་གནས་དེས་རྟ་ཐོག་གཞི་སྟེགས་དང་རྩྭ་ཐང་སློབ་ཁང་། སྦྲ་གུར་ཚོགས་རར་བསྒྱུར་ནས་སྲིད་ཇུས་དྲིལ་སྒྲོག་དང་དམངས་འཚོའི་ཞབས་ཞུ་གཞི་རིམ་མང་ཚོགས་ཀྱི་འགྲམ་དུ་སླེབས་ཐུབ་པར་བྱས་ནས་རྒྱང་རིང་འབྲོག་ཁུལ་དུ་གནས་པའི་འབྲོག་པ་རྣམས་སྲིད་ཇུས་ཀྱི་རྨོངས་རྒྱ་ལས་ཡོངས་སུ་ཐར་བར་བྱས།
ཆུ་ཚོད་འགའ་སོང་མཐར་འབྲོག་ཁུལ་དུ་འབྱོར། རྒྱང་རིང་སྐྱ་མི་སྒྲོག་འགྲེལ་རུ་མི་མཐོང་སྐབས་ཁ་ཐོར་དུ་གནས་པའི་འབྲོག་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་ལས་ཀ་བཞག་སྟེ་རྒན་རྒོན་དང་ཕྲུ་གུ་རྣམས་ཁྲིད་ནས་མཉམ་དུ་འཛོམས། དེ་ལྟར་འབྲོག་ཁུལ་མང་ཚོགས་ལ་ཆེད་དུ་གཏོགས་པའི་དྲིལ་སྒྲོག་སློབ་ཁྲིད་ཅིག་དངོས་སུ་འཚོག་འགོ་བརྩམས་པ་རེད།
དམངས་འཚོའི་སྲིད་ཇུས་འབྲོག་མིའི་སེམས་ལ་འཇགས།།
ཡོད་ཚད་དམངས་ཆེད་ཡིན་པ་ཀུན་གྱིས་རྟོགས།།
གྲོང་ཁྱེར་དང་གྲོང་རྡལ་ནས་གཅིག་བསྡུས་ཐོག་སྒྲོག་འགྲེལ་བྱེད་པའི་བརྗིད་ཉམས་ཆེ་བའི་ཚོགས་ར་དང་མི་འདྲ་བར། རྩྭ་ཐང་ཐོག་སྒྲོག་འགྲེལ་བྱེད་པར་འཆད་སྟེགས་དང་སྒྲ་སྒམ་མེད་རྐྱེན་རྒྱུན་ལྡན་གྱི་ཁ་བརྡའི་བྱེད་ཐབས་སྤྱད་དེ་རྒྱ་བོད་སྐད་གཉིས་ཀྱིས་རྒྱུན་གཏན་འཚོ་བ་དང་ཐོན་སྐྱེད་ལ་འཚམ་པའི་དམངས་འཚོའི་སྲིད་ཇུས་རིགས་ཆེ་གྲས་ལྔ་གོ་བདེ་བའི་སྒོ་ནས་དོན་ཚན་རེ་རེ་བཞིན་བསྒྲགས་པར་མ་ཟད་མང་ཚོགས་ཀྱི་དོགས་གནད་ལ་ཐད་ཀར་འགྲེལ་བཤད་བརྒྱབ་པ་རེད།
དམག་བསྡུའི་སྲིད་ཇུས་གསལ་འགྲེལ་བྱེད་པའི་བར་སྐབས་སུ་སྒྲོག་འགྲེལ་རུ་མི་ཚོས་ཚོན་ཁྲ་ཅན་གྱི་དྲིལ་སྒྲོག་ལག་དེབ་སྤྲད་ནས2026ལོའི་ལོ་སྨད་ཀྱི་དམག་བསྡུའི་མིང་ཐོ་འགོད་པའི་ཆ་རྐྱེན་དང་། ལྟ་སྐྱོང་སྲིད་ཇུས། དེ་བཞིན་སློབ་རིམ་འཕར་བ་དང་ལས་ཞུགས་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ། དཔེ་མཚོན་ངོ་མ་སྤྱད་དེ་ལོ་རན་ན་གཞོན་ཚོས་ཧུར་ཐག་ངང་མིང་ཐོ་བཀོད་ནས་ཕ་ཡུལ་གྱི་དྲིན་ལན་འཇལ་དགོས་པའི་སྐུལ་མ་བྱས། ཁྱིམ་དུ་ལོ་རན་ན་ཆུང་ཡོད་པའི་འབྲོག་པས་སྐད་ཆར་ནན་གྱིས་ཉན་པར་མ་ཟད་དྲི་བ་བཏོན་པར་རུ་མི་ཚོས་ངང་རྒྱུད་རིང་པོས་རེ་རེ་བཞིན་གསལ་འགྲེལ་བརྒྱབ།
ནགས་རྩྭའི་མེ་ཟོན་ནི་སྒྲོག་འགྲེལ་གྱི་ནང་དོན་གལ་ཆེ་ཤོས་ཤིག་ཡིན་པ་སྟེ། ལག་ལེན་བསྟར་ཉེར་ཡོད་པའི《ནགས་རྩྭའི་མེ་ཟོན་སྲོལ་ཡིག》གི་པར་གཞི་གསར་པ་དང་ཟུང་འབྲེལ་བྱས་ནས་རུ་མི་ཚོས་དཔེ་མཚོན་ལ་བརྟེན་ནས་ཁྲིམས་ལ་འགྲེལ་བཤད་བརྒྱབ་པ་དང་། མཐའ་འཁོར་གྱི་བྱེས་སུ་སྒྲིག་འགལ་ངང་མེ་སྤྱད་ནས་མེ་སྐྱོན་ཐོན་པའི་དཔེ་མཚོན་ངོ་མ་དྲངས་ནས་མེ་སྐྱོན་ལས་བྱུང་བའི་རྒྱུ་ནོར་གྱི་གྱོང་གུན་དང་སྐྱེ་ཁམས་གཏོར་སྐྱོན། དེ་བཞིན་བཅའ་ཁྲིམས་མཇུག་འབྲས་བཅས་ལ་འགྲེལ་བཤད་བརྒྱབ།
ཐེངས་འདིའི་རྟ་ཐོག་སྒྲོག་འགྲེལ་ལ་ད་དུང་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་པ་སྟེ། དེ་ནི་ཆེད་ལས་སྟོབས་ཤུགས་གཞི་རིམ་དུ་བསྐྱོད་པའི་ཁྲིད་སྐྱོང་སྐུལ་གསུམ་གྱི་མཉམ་འབྲེལ་བྱ་སྤྱོད་ཅིག་ཡིན་པ་སྟེ། སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་ཆེད་ལས་མེ་ཟོན་སྒྲོག་འགྲེལ་མི་སྣ་དང་ཧོར་ཤུལ་ཡུལ་ཤོག་སྐྱ་མི་སྒྲོག་འགྲེལ་རུ་ཁག་གཉིས་མཉམ་དུ་རི་ལ་བསྐྱོད་དེ་ལས་ཀ་བསྒྲུབས་ནས། ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་ནགས་རྩྭའི་མེ་ཟོན་གྱི་དངོས་སྦྱོང་ཤེས་བྱ་དང་འཚུབ་བསྟུན་ཐག་གཅོད་རྩལ་ནུས་གཞི་རིམ་གྱི་སྒྲོག་འགྲེལ་རུ་མི་ཚང་མར་རིམ་པ་རེ་རེ་བཞིན་བརྒྱུད་ཁྲིད་བྱས་ནས་ས་གནས་དེ་གའི་སྒྲོག་འགྲེལ་རུ་ཁག་གི་ཆེད་ལས་ཞན་ཆ་ཁ་གསབ་བྱས་པ་རེད།
སྒྲོག་འགྲེལ་མཇུག་བསྒྲིལ་ཡང་ལས་ཀ་མཇུག་རྫོགས་མེད། རུ་མི་ཚོས་དངོས་ཟོག་ལེགས་སྒྲིག་བྱས་ཏེ་སླར་ཡང་རྟ་ཞོན་ནས་ཐག་རིང་གི་འབྲོག་སའི་ནགས་རྩྭའི་མཐའ་མཚམས་སུ་སྐོར་གཡེང་བྱས་པ་རེད། གྲོང་སྡེ་གཉིས་ཀྱི་འབྲོག་ཁུལ་གྱི་ནགས་ཚལ་ཁྱབ་རྒྱ་ཆེ་ལ་ནགས་འོག་ཏུ་རྩྭ་སྐམ་དང་སྡོང་ཕྲན་མང་པོ་ཡོད་པས་མེ་སྐྱོན་ཉེན་ཁ་ཆེ་བའི་ས་ཁོངས་སུ་གཏོགས། རུ་མི་ཚོས“གཏན་འཇགས་ས་ཚུགས་ལས་རེས་དང་རྟ་ཐོག་སྐོར་སྐྱོད་ཞིབ་བཤེར”གྱི་ལམ་སྲོལ་གཞིར་བཟུང་རྩྭ་ར་ཚང་མའི་མངོན་མེད་རྐྱེན་ངན་ཚགས་བཤེར་བྱས་པ་དང་། གུར་གྱི་མཐའ་འཁོར་དང་རྫི་ཁང་ནང་དུ་སོང་ནས་ཕྱི་རོལ་དུ་མེ་སྤྱད་ཡོད་མེད་ལ་ཞིབ་བཤེར་བྱས། མང་ཚོགས་ལ་འབར་སླ་བའི་རྩྭ་སྐམ་གཙང་སེལ་བྱ་དགོས་པའི་བསླབ་བྱ་དང་ཡུལ་དངོས་ནས་རྩྭ་ལྡུམ་མེར་བསྲེགས་པ་དང་ཐ་མག་འཐེན་པ་སོགས་ཀྱི་ཉེན་ཁ་ཆེ་བའི་བྱ་སྤྱོད་བཀག་འགོག་བྱས།
ཧོར་ཤུལ་ཡུལ་ཤོག་བག་ཟེ་ཁོག་གྲོང་སྡེ་དང་ལྗགས་ཁོག་གྲོང་སྡེའི་སྐྱ་མི་སྒྲོག་འགྲེལ་རུ་ཁག་ནི་ཡུལ་ཤོག་ཡོངས་ཀྱི་གཞི་རིམ་ཞབས་ཞུའི་དཔུང་ཁག་གི་བསྡུས་རིས་ཙམ་རེད། ལོ་མང་རིང་ཧོར་ཤུལ་ཡུལ་ཤོག་གིས་རྒྱུན་རྣམ་ཅན་གྱི་སྐོར་སྐྱོད་སྒྲོག་འགྲེལ་དཔུང་ཁག་མང་པོ་བཙུགས་ནས་རྩྭ་རའི་གནས་ཚུལ་དང་འབྲོག་པའི་ཁྱབ་ཚུལ་ལ་གཞིགས་ནས་སྣ་མང་བའི་རྒྱུན་རྣམ་ཅན་གྱི་སྒྲོག་འགྲེལ་ཞབས་ཞུ་གང་མང་སྤེལ་བ་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་གསར་ཐོག། གསེར་རྟ་རྫོང་ཧོར་ཤུལ་ཡུལ་ཤོག“སྐྱ་མི་སྒྲོག་འགྲེལ་རུ་ཁག”གིས་རྟ་ལ་བརྟེན་ནས་དྲིལ་སྒྲོག་དང་ལྷག་བསམ་ཟོལ་མེད་འབྲེལ་ཐག་སུ་བྱས་ཏེ། ལེ་དབར་བརྒྱ་ཡི་འབྲོག་ཁུལ་དང་རི་ཆུའི་བར་ཕར་འགྲོ་ཚུར་འོང་བྱས་ནས“དུད་ཁྱིམ་གཅིག་ཀྱང་མི་ལུས་པ། མི་གཅིག་ཀྱང་མི་ལུས་པ། འབྲོག་ཁུལ་མང་ཚོགས་སུ་ཡང་རྗེས་སུ་མི་ལུས་པའི”གཞི་རིམ་བཅོས་སྐྱོང་གི་གསོན་ཉམས་ལྡན་པའི་ལེའུ་གསར་པ་བྲིས་དང་འབྲི་བཞིན་ཡོད་དོ།།
( རྟ་མགྲིན་རྡོ་རྗེས་བྲིས།)
