国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྱག་ཕྲེང་གི་སྔ་སྲོལ་རྒྱན་གོས་སྐོར་མདོར་ཙམ་གླེང་བ།

14701_ym02b_20260904ཕྱག་ཕྲེང་བུད་མེད་ཀྱི་རྒྱན་གོས།

མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་རིག་གནས་གོམས་སྲོལ་གྱི་དབང་གིས། བོད་མི་རིགས་ལ་རང་གི་ཁྱད་ཆོས་ལྡན་པའི་རྒྱན་གོས་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་ཡང་སྤྱིར་བཏང་གི་ཆ་ནས། དབུས་གཙང་དང་། ཨ་མདོ། ཁམས། ཧི་མ་ལ་ཡའི་ལྷོ་ངོས་སོགས་དང་། གཞན་ཡང་ཞིང་པ་དང་འབྲོག་པ། གྲོང་ཁྱེར་བ། མི་སྐྱ། གྲྭ་བཙུན་སོགས་ཀྱི་རྒྱན་གོས་རིགས་དུ་མ་ཡོད་པ་ལས། མི་སྐྱ་སྐྱེས་པའི་ཆས་གོས་ཕལ་ཆེར་འདྲ་ཡང་ཁྱད་པར་ཆེ་ཤོས་ནི་བུད་མེད་ཀྱི་རྒྱན་གོས་ཡིན་པ་ལྟར། ཁམས་ཕྱག་ཕྲེང་གི་བུད་མེད་ལའང་ཕྲུག་ཆས་གཙོས་པའི་ཁྱད་ཆོས་འབུར་དུ་ཐོན་པའི་རྒྱན་གོས་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད།

དམངས་ཁྲོད་ཀྱི་བཤད་པ་ལྟར་ན། ས་གླང་པདྨ་སམ་བྷ་བ་བསིལ་ལྡན་ཡུལ་དུ་ཕེབས་པའི་ལོར། བོད་ཀྱི་རྒྱལ་པོས་སློབ་དཔོན་རིན་པོ་ཆེར་བོད་ཀྱི་ས་སྟོང་ཐམས་ཅད་བྱིན་གྱིས་བརླབས་པར་ཕེབས་པར་ཞུ་དུས། སློབ་དཔོན་རིན་པོ་ཆེ་ཀམ་པོ་གནས་ནང་ལ་ཕེབས་ནས་རྡོ་ལ་ཞབས་རྗེས་ཆེ་བ་ཞིག་བཞག་སྟེ། ཨོ་རྒྱན་རྡོ་བཅངས་ཟེར་བ་གནས་དེར་བཞུགས་ཡོད། གནས་དེ་ནས་གཤོག་ཆུ་བརྒྱུད་ནས་ཕྱག་ཕྲེང་ཡུལ་དུ་ཕེབས་ཏེ། ཡུལ་འདིའི་གཏེར་སྒོ་ཕྱེས་ནས་ཡོད་ཅེས་བོད་ཀྱི་རྒྱལ་པོ་ལ་ཞུས་ནས་རྒྱལ་པོ་ཁྱོད་ཀྱིས་བོད་ཀྱི་ཕོ་མོ་རིགས་བཟང་སྙིང་སྟོབས་ལྡན་པ་རྣམས་ས་ཆ་དེར་གཏང་དགོས་གསུངས་པར་རྒྱལ་པོས་ལེགས་སོ་ཞུས་ཏེ། བོད་ཀྱི་ཕོ་མོ་རིགས་བཟང་སྟོབས་དང་ལྡན་པ་ཁག་གཅིག་དང་། འགོ་ཁྲིད་དུ་མགོ་རིང་བསྟན་པའི་དབུ་འཛུགས་ཟེར་བའི་མི་ཞིག་བཏང་བ་ཕྱག་ཕྲེང་གི་ས་ཡི་དཀྱིལ་དེར་སླེབས་དུས། འགོ་ཁྲིད་ཁོ་རང་གིས་མིང་བཏགས་པའི་འགོ་རིང་གྲོང་པ་ཟེར་བ་དེ་ཐོག་མར་ཆགས་སུ་བཅུག་སྟེ། གྲོང་དེར་འགོ་རིང་བསྟན་པའི་དབུ་འཛུགས་ཀྱི་སྐུ་གདུང་གི་མཆོད་རྟེན་གྱི་ཤུལ་རེད་ཟེར་བའི་ས་འབུར་ཞིག་ཡོད་པ་དེ་ལ་ད་ལྟའང་ཡུལ་མི་རྣམས་ཀྱིས་ཕྱག་སྐོར་བྱེད་ཀྱིན་ཡོད། དེ་ནས་འཕེལ་རྒྱས་ཕྱིན་ཏེ་ཕྱག་ཕྲེང་སྟོད་སྨད་རྣམས་ཆགས་པ་རེད།

དེང་སང་ལུང་པའི་ཆགས་རབས་བཤད་དུས། ཨོ་རྒྱན་གྱིས་གཏེར་སྦས། རྒྱ་གར་གྱི་ལུང་ལྷག་ཅེས་བཤད་སྲོལ་ཡོད། མི་རྒྱུད་ནི་སྐབས་དེར་དབུས་གཙང་ཤ་སྟག་ནས་ཡིན་པར་བརྟེན། ད་ལྟ་ཕྱག་ཕྲེང་བའི་བུད་མེད་རྣམས་ཀྱི་ཆས་གོས་མང་བ་ལྷོ་ཁ་དང་གཅིག་གྱུར་ཡིན་ཞེས་ཟེར་སྲོལ་ཡོད།

ཡང་འགའ་ཤས་ཀྱིས་ཟེར་ན། སྔོན་ཕྱག་ཕྲེང་ལ་འཇང་ས་དམ་རྒྱལ་པོས་མི་ལོ་བདུན་ཅུ་ཡན་མན་དབང་སྒྱུར་བྱས་མྱོང་བས། དེའི་ཆས་གོས་དང་སྡོད་ཁང་ལ་འཇང་གི་ཤུགས་རྐྱེན་ཐེབས་ཡོད་ཟེར།

བྱ་བ་ཐམས་ཅད་ལད་མོ་ཡིན།། ལད་མོ་ནང་ནས་གང་མཁས་ཡིན་ཟེར་བ་ལྟར། བོད་ཀྱི་མེས་པོ་གོང་མས་ཁྱིམ་མཚེས་ཀྱི་མི་རིགས་ཁག་གི་སྔོན་ཐོན་གྱི་བསམ་བློ་དང་། ཐོན་སྐྱེད་ནུས་ཤུགས། ཡ་རབས་གོམས་གཤིས། བཟའ་བཏུང་ཡོ་བྱད་སོགས་ནང་འདྲེན་བྱས་ཏེ། འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལམ་ནས་ཐུན་མོང་ངང་ཡར་རྒྱས་གོང་འཕེལ་འགྲོ་བའི་མིག་དཔེ་བཟང་པོ་ཞིག་བསྟན་ཡོད།

ཕྱག་ཕྲེང་ཕལ་ཆེར་རོང་པ་ཡིན་པས། དེ་ལུགས་ལྟར་གྱོན་ཆས་ཀྱང་རོང་སའི་གནམ་གཤིས་ཁོར་ཡུག་དང་འཚམ་པ་ཞིག་ཡོད། དེ་ཡང་དམངས་ཁྲོད་ཀྱི་ཡིག་ཆ་ཞིག་གི་དཔེ་བཤུས་ལྟར་ན། ཞིང་ལས་སོགས་ཀྱི་སྐབས་སུ་དུས་རྒྱུན་ཕོ་སྐྱ་རྣམས་ཀྱི་གྱོན་ཆས་ནི། ཡུལ་སྣམ་དཀར་པོའི་ཕྱུ་པ་ཆ་ཐུལ་ཆེ་བ་དབུས་སྣམ་རྒྱ་ཐིག་གི་གོང་བ་ཅན། ཡུལ་སྣམ་དཀར་པོའི་སྟོད་ཐུང་གོས་ཐུང་། དབྱར་དུས་ཚ་བ་ཆེ་སྒང་ལ་རས་དཀར་པོའི་སྟོད་ཐུང་གོས་ཐུང་དང་། རས་སྔོ་ནག་དང་རྒྱ་སྨུག་གི་ཕྱུ་པ། འབུ་རས་གོན་རྒྱུར་དགའ་བས་ཕོ་སྐྱ་ཚོས་འབུ་རས་དཀར་པོའི་སྟོད་ཐུང་གོས་ཐུང་། བུད་མེད་ཚོས་འབུ་རས་དཀར་དམར་གྱི་འོག་འཇུག་གམ་སྟོད་ཐུང་། དབྱར་ལྷམ་མཐིལ་ཀོ་བརྩེགས་ཡུ་མེད་སྒྲོག་ཐག་ཅན་ཞིག་ཡོད་པ་དེར་སྐྱོད་ལྷམ་ཟེར། དགུན་དུས་ཀོ་ལྷམ་ཡུ་ལྡན་དང་ཕོ་མ་གཉིས་ཀས་ཚར་ཚག་བཅས་གྱོན།

ཡུལ་གྱི་གནམ་གཤིས་ཚ་བ་བཅས་ཀྱི་རྐྱེན་ལས་ཕོ་སྐྱ་ཕལ་ཆེར་མགོ་རིལ་བྱེད་སྲོལ་ཡོད། དབྱར་དུས་ལྡིང་ཞྭའམ་འཕྱིང་ཞྭ་དང་། དགུན་དུས་པགས་ཞྭ་གྱོན་ཞིང་། ཕོ་སྐྱ་རྣམས་ཀྱི་ཕྱུ་པ་གྱོན་སྟངས་ནི། མདུན་མཐོ་གང་ཙམ་ལ། རྒྱབ་འཇོལ་བ་རྨ་བྱ་མཇུག་མ་ཟེར་བ་རྒྱབ་སུལ་གསུམ་ཙམ། སྐེད་རག་མདུད་པའི་ལྷག་མ་རྣམས་རྒྱབ་འཛར་དུ་འཇོག་པ། ཕོ་སྐྱ་ཚོས་ཕྱུ་པའི་ཕུ་ཐུང་རྒྱུན་གཏན་སྐེད་པར་དཀྲི་ཡང་། དགོན་པ་དང་ལྷ་ཁང་མཇལ་བའི་སྐབས་དང་། བླ་དཔོན་མཇལ་བའི་སྐབས་སོགས་ལ་གུས་ཞབས་ཀྱིས་ཕུ་ཐུང་གྱོན་སྲོལ་ཡོད།

གྲྭ་པས་སྐྱ་ཆས་གྱོན་སྐབས་སྐྱ་བོ་དང་མི་འདྲ་བའི་ཁྱད་པར་ནི། ཕོ་སྐྱ་ཚོའི་སྐེད་རག་དང་ལྷམ་སྒྲོག་དམར་པོ་དང་། ཁྲ་བོ་ཡིན་ཡང་། གྲྭ་པ་ཚོའི་སྐེད་རག་དང་ལྷམ་སྒྲོག་སེར་པོ་ཡིན། ཕོ་སྐྱ་ཚོས་དབྱར་དུས་ལྡིང་ཞྭའམ་འཕྱིང་ཞྭ་དང་། དགུན་དུས་པགས་ཞྭ་གྱོན། སྐེད་རག་གི་མདུན་ཕྱོགས་སུ་དངུལ་ཁུག་དངུལ་ཤན་མ་ཕྲ་ལྡན་དང་རྒྱབ་ཕྱོགས་ལ་ཐ་ཁུག་རེ་འདོགས་པ་བཅས་དེ་རྣམས་ཕོ་ཆས་ཡིན།

བུད་མེད་ཚོའི་གྱོན་ཆས་སྐོར། སྔར་གུ་རུ་ཨོ་རྒྱན་པད་མས་སྲིན་མོ་འདུལ་གནང་མཛད་སྐབས་སྲིན་མོ་ཞིག་རྒས་མོའི་རྣམ་པར་བརྫུས་ཏེ་བྲོས་ཤོར་གྱིས་ཐོག་མར་ཕྱག་ཕྲེང་སྟོད་ཤོག་རབ་ཡོང་ཚང་དང་། དེ་རྗེས་ཕྱག་དཀྱིལ་གྲོང་། དེ་མཇུག་དཔལ་རི་གཡང་དར་ཚང་བཅས་ཀྱི་ཁྱིམ་ཚང་སོ་སོར་རིམ་བཞིན་ཡོང་སྟེ། ཕྲུ་གུ་བུ་མོ་ཆུང་བ་ཞིག་སྲིན་མོས་བཟས་པ་སོགས་ལ་བརྟེན་ནས། གུ་རུས་ཀྱང་རྗེས་འདེད་རིམ་བཞིན་མཛད་དེ། མཐར་སྲིན་མོ་དེ་དཔལ་རི་བྲག་འགག་ཅེས་པའི་སར་མདུང་རྩེ་གསུམ་བསྣུན་ནས་བསྒྲལ་ཏེ། ལུས་ནས་ཁྲག་བབས་ཤུལ་རི་ལྡེབས་སུ་ཡོད་ཅིང་། དེ་ཕྱིན་ཆད་སྲིན་མོ་མི་ཡོང་བའི་བཟློག་ཐབས་སུ་བུད་མེད་རྣམས་ཀྱི་ཆས་གོས་གུ་རུས་དཔེ་སྟོན་གནང་བར་གྲགས་པ་འདི་ལྟར།

ཡུལ་སྣམ་དཀར་པོའི་གོས་ཕུ་ཐུང་ཡོད་པ་རྒྱབ་གཞུང་དང་གོང་བ་ཕུ་རྩེ་གཉིས་སོ་སོར་རས་སྔོན་པོ་ལྕགས་ཀྱི་མཐའ་རྒྱན་ཡོད་པ་ལྕགས་སྒྲོག་གིས་བཅིངས་པའི་མཚོན་དོན་དང་། བྲང་དང་ནུ་མའི་ཐད་རས་ཚོས་སྣ་གསུམ་བསྒྲིགས་ཡོད་པའི་གཏོར་གཟུགས་ཅན་དེས་ནུ་མ་གཉིས་གནོན་པའི་མཚོན་དོན། གོས་ཀྱི་སྒབ་གཤམ་དུ་མཐའ་སྐུད་དམར་པོ་བཏང་བ་རྒྱུ་མའི་ཞགས་པས་རྐང་པ་གཉིས་བཅིངས་པ་མཚོན། སྐུད་པ་དེས་གོས་ནང་མ་ལ་ཕོ་མཚན་ལྟ་བུ་རེ་བཙེམས་ཡོད། རྒྱབ་ཏུ་སུལ་མང་པོ་བསྡུ་བ་ནི་གུ་རུས་སྲིན་མོ་ལ་ཀླུང་མང་པོ་བརྒལ་ནས་དེད་པ་མཚོན།

ལས་ཀའི་སྐབས་སུ་དོམ་ལྷག་ཅེས་པ་གོས་ཀྱི་ཟོན་བསྐྱོར་ལ་ཀོ་བས་བཟོས་པའི་སྟེང་གོན་དབྱིབས་གྲུ་ནར་དཀྱིལ་དུ་ཁུང་བུ་ཅན་མགོ་ནས་གོན་དགོས་པ་ཞིག། ལྷམ་ནི་གོང་གསལ་ལྟར་བསྐྱོད་ལྷམ་དང་། དགུན་དུས་ཀོ་ལྷམ། ཕོ་མོ་གཉིས་ཀས་དབྱར་དུས་རས་ཀྱི་གྱོན་ཆས་བཟོ་དབྱིབས་གོང་གསལ་བཞིན་གོན་པ་བཅས། བུད་མེད་ཚོའི་སྐྲ་བསླ་སྟངས་ནི། གླིང་གེ་སར་རྒྱལ་པོའི་བཙུན་མོ་སེང་ལྕམ་འབྲུག་མོ་འཐག་ལས་སྐབས་ཀྱི་སྐྲ་ལ་དཔེ་བླངས་པར་གྲགས་པ་འདི་ལྟར། བུ་མོ་ལོ༡༣མན་ཆད་ལྕང་ལོ་ཕག་གི་མཇུག་མ་འདྲ་བ་ཞིག་བསླས་པ་དང་། གོང་གི་ལོ་ཡན་ཆོད་དུ་སྐྲ་སྒོར་ཞེས་པ་སྙུག་མའི་ཇ་ཚགས་འདྲ་བའི་ལྷས་མ་དང་། དཔྲལ་མཚམས་ཀྱི་སྐྲ་རྣམས་རྩེ་བཅད་ཀྱིས་སོར་དོ་ཙམ་གྱི་རྦད་མགོ་འཇོག་པ་དང་། སྤྱི་བོའི་སྐྲ་ལན་བུའི་སྟེང་དངུལ་གྱི་ནོར་གཟུགས་ཐོག་རྟགས་བརྒྱད་ཀྱི་ཚག་རིས་དང་བྱུ་རུའི་ཕྲ་གསེར་ཕོམ་གྱིས་བརྒྱན་པ། དེ་བཞིན་གཡུ་རིལ་དངུལ་གྱི་ཕོར་ཅན། གཡེར་ཁ་ཆུང་ངུ་བསྟར་བསྒྲིགས། སྐྲ་གཞུག་སྐུད་དམར་རྒྱག་སྲོལ་བཅས་ཡོད།

ཡང་ཕྱག་ཕྲེང་ལ་རྒྱབ་ཚོ་གསུམ་གྱི་བུ་མོའི་སྐྲ་བསླ་སྟངས་ནི། སེང་ལྕམ་འབྲུག་མོ་སྤྲང་ལ་འཁྱར་སྐབས་ཀྱི་སྐྲ་ཡི་ལུགས་ཡིན་ཞེས་ཤོད་སྲོལ་ལྟར་མི་མཛེས་པ་ཞིག་ཡོད་པ་དང་། ལོ༡༥ཡན་ཆད་ལ་འཐག་སྐྲ་ཞེས་གོང་དང་སྒྲ་མཚུངས་ཀྱང་དོན་དངོས་སུ་མི་འདྲ་སྟེ། སྐྲ་ཁག་གཉིས་ལ་བགོས་པ་ལྷས་མ་ཕྲ་ལ་ཞིབ་པ་མང་པོའི་བར་བར་ནས་སྐུད་པ་ནག་པོས་བསྒྲོགས་ཏེ་ཕྱི་ནང་གཉིས་སུ་བྱས་པ་ལྟག་རྒྱབ་ཏུ་ལྟེབས་པ་དང་། ཡང་སྤྱི་གཙུག་གི་སྐྲ་ཚོ་གཅིག་རིང་པོར་བསླས་ཏེ་རྒྱབ་གཞུང་དུ་དཔྱང་། རྣ་བ་གཉིས་ཀྱི་ཐད་སོ་སོ་ནས་སྐྲ་ཉུང་ངུ་རེ་ལྷས་ནས་ལྟག་པར་དཀྲིས། དཔྲལ་མཚམས་ཀྱི་སྐྲ་རྩེ་བཅད་དེ་སོར་དོ་ཙམ་ཡོད་པའི་རྦད་མགོ་ཅན་བཅས་ཡོད།

བུད་མེད་ཀྱི་རྒྱན་ཆས་ནི། རྒྱབ་སྐྲ་ལན་བུ་རིང་བའི་སྟེང་གསེར་དངུལ་སྦྲེལ་མའི་མེ་ཏོག་ནོར་བུའི་དབྱིབས་ཅན་རྟགས་བརྒྱད་ཀྱི་ཚག་རིས་ཡོད་པ་མཐོ་གང་ཙམ་དང་། དེའི་འོག་གཡུ་རྡོག་ཆེ་བ་རེ། རྣ་བ་གཡས་གཡོན་གཉིས་ཀྱི་སྐྲ་རྒྱན་བྱུ་རུའི་རྭ་དང་བྱུར་རིལ་སྤོས་ཤེལ་གཡུ་བཅས་ཕྲེང་བསྟར་ཅན། རྣ་རྒྱན་གསེར་དང་དངུལ་གྱི་ཆུ་སྲིན་ཁ་སྤྲོད་ཚག་རིས་ཅན་གྱི་བར་ལ་བྱུར་རིལ་རྡོག་རེ། སྐེ་རྒྱན་བྱུར་རིལ་དང་། སྤོས་ཤེལ། གཡུ། གཟི་སོགས་ཀྱི་ཕྲེང་ཤལ་ཆེ་ཆུང་གཉིས་རེ། ལག་འཁོར་ཞེས་པ་གསེར་དངུལ་གྱི་ལག་གདུབ་སྦུབ་སྟོང་ཕྲ་སྦོམ་མཛུབ་ཆུང་ཙམ་པ་ཆུ་སྲིན་ཁ་སྤྲོད་འཕུལ་ཚག་གམ་འབུར་ཚག་རིས་ཆ་དང་། གསེར་དངུལ་གྱི་སོར་གདུབ་བཅས་ཡོད།

ཡང་ཕོ་སྐྱ་རྣམས་ཀྱི་གཟབ་སྤྲོས་གྱོན་ཆས་ནི། རྒྱུ་འགོ་སྣམ་དང་ཐེར་མ། གོས་ཆེན་ཚོས་ཁ་སྔོན་པོ་དང་རྒྱ་སྨུག་སོགས་ཀྱི་ཕྱུ་པ་ཆ་ཐུལ་ཆེན་པོ་དང་། གོས་ཆེན་གསེར་མ་བྱ་འབྲུག་ཊམ་རིས་ཀྱི་སྟོད་ཐུང་དང་། ཁན་སྦྱར་སྐྱིན་ཁེབས་ཀྱི་འགྲིལ་ལྡན། གོས་ཆེན་རྒྱ་སྨུག་གི་གོས་ཐུང་། ལྷམ་ཟམ་པ་ཐུར་སྤྲོད་ཟེར་བ་ཀོ་མཐིལ་ཅན། ཀོ་བ་ནག་པོའི་བོལ་དང་སྣ་ལྡན་ཐོག་སྲི་ཤན་གྱི་འཇའ་བསྒྲིགས་མ་ལྷམ་ཡུ་རིང་ཙམ་ཡོད་པ་མཛེས་ཆ་ལྡན་པ་ཞིག་ཕོ་མོ་གཉིས་ཀས་གྱོན་པ་རེད།

སྐེད་རགས་དང་ལྷམ་སྒྲོག་ཀྱང་སྲི་ཤན་ཚོས་བསྒྲིགས་པ་རེ་འཆིང་། དབྱར་དུས་ལྡིང་ཞྭའམ་འཕྱིང་ཞྭ་དང་། དགུན་དུས་ཝ་ཞྭ་དང་། ཚེ་རིང་སྐྱིན་ཁེབས། ཇག་ཞྭ་སོགས་གྱོན། གྲི་རིང་ཐུང་དང་བློ་གྲིའི་ཤུབས་ལ་གསེར་ཚག་དང་དངུལ་ཤན་བྱུ་རུའི་ཕྲ་ལྡན། མཚོན་སྲུང་སྐུ་བརྙན་སོགས་ཡོད་པའི་གསེར་དངུལ་གྱི་གའུ་དང་། ལི་མའི་མཆོད་རྟེན་རེ། མེ་ལྕགས་དང་། དངུལ་ཁུག་རེ་སྐེད་པར་འདོགས། སྐེ་རྒྱན་གཟི་གཅིག་ལ་མཐའ་གཉིས་སུ་བྱུར་རྡོག་རེ། གསེར་གྱི་སོར་གདུབ། རྟ་སྒར་གསེར་ཚག་དངུལ་ཤན་ཅན་དང་། སྦལ་སྒ་བོད་རུམ་དང་རྒྱ་རུམ་གྱི་རྨག་ཕྲན་རྨག་ཤོལ་ཆམ་ཞིབ་ཅེས་པ་གཡེར་ཁ་ཆུང་ཆུང་མང་པོ་ཡོད་པའི་གོང་ཐག་བཅས་གོང་གསལ་ལ་མི་རྟ་བོག་གསུམ་ཚང་བ་ཟེར་ཞིང་། འདི་དག་མ་ཚང་ན་གཟབ་སྤྲོས་ཆ་མ་ཚང་བ་ལྟ་བུར་བརྩི་སྲོལ་ཡོད།

ཡང་བུ་མག་པར་གཏོང་ལེན་སྐབས་གཟབ་མཆོར་གྱི་གོས་སྣ་གོང་གསལ་ལྟར་གྱི་ཐོག། གོས་ཆེན་གྱི་ཕྱུ་པ་གོང་བ་དང་ཕུ་ཐུང་སྒབ་གཤམ་བཅས་པར་སྲམ་ལྤགས་ཀྱི་མཐའ་རྒྱན་ཞེང་ལ་མཐོ་གང་ཙམ་ཡོད་པ་དང་། རྒྱ་སེའི་སྟོད་ཐུང་། སྐེ་རྒྱན་གཟི་དང་བྱུ་རུ་གང་ཆེ་དགོས།

ཡང་བུད་མེད་ཀྱི་གཟབ་སྤྲོས་གྱོན་ཆས་ནི། གོས་ཆེན་གསེར་འབྲུག་འཁོར་ལོ་ཅན་གཞི་ཚོས་སྔོ་ནག་དང་རྒྱ་སྨུག་གི་ཕྱུ་པ་ཕུ་ཡོད་འཛབ་རིང་ལ་གོང་གསལ་གྱོན་ཆས་ཀྱི་མཚན་ཉིད་ཚང་བ་དགོས། ཕྱུ་པ་གྱོན་ལུགས་ཐུ་བ་གཡས་གཡོན་ལྟེབས་ལུགས་ཕོ་མོའི་ཁྱད་པར་ཡོད་པ་དེ་བུད་མེད་ཚོས་སྐྱེས་པར་གུས་ཞབས་ཀྱི་མཚོན་དོན་ཡིན་པར་གྲགས་པ་དང་། རྒྱུན་གཏན་ཡང་ཕོ་མོའི་བར་གུས་ཞབས་ཡག་པོ་བྱེད་སྲོལ་ཡོད། གོས་ཆེན་གྱི་སྟོད་ཐུང་སྐྱིན་ཁེབས་ཀྱི་འགྲིང་སུམ་བརྩེགས། ཕྱུ་པའི་སྟེང་དུ་གྱོན་བྱེད་སྟོད་ཁེབས་ཞེས་པ་སོགས་གོས་ཆེན་ནམ་སྤུ་མ་ནག་པོའི་ཕུ་མེད་སྐེད་བསྡོམས་སྒྲོག་ལུ་ཅན། མགོ་རྒྱན་སོགས་ཕལ་ཆེར་གོང་གསལ་གྱོན་ཆས་དང་འདྲ་ཞིང་། མི་འདྲ་བའི་ཁྱད་པར་ནི་སྐེ་རྒྱན་གསེར་གྱི་གའུ་པད་མ་བཞིའམ་ལྔ་བརྩེགས་པ་སྒོར་མོ་ཟླ་ཕྱེད་གཟུགས། སྐེད་པ་གཡས་ལ་གློ་བཟུང་གྲི་ཆུང་གཉིས་ཀྱི་ཤུབས་གསེར་དངུལ་གྱིས་བྱས་པ། སྐེད་པ་གཡོན་ལ་དུང་ལེབ་ཅེས་པ་དུང་གི་ཕྲེང་རྡོག་ཆེ་ཆུང་ཡོད་པ་རེ་འདོགས་སྲོལ་ཡོད། བུ་མོ་བག་མར་གཏོང་ལེན་སྐབས་མགོ་རྒྱན་མེ་ལོང་ཞེས་པ་དབྱིབས་སློ་མ་སྒོར་སྒོར་གྱི་ཁེབས་གཅོད་ལྟ་བུ་ཆེ་ཆུང་འཚམ་པ་གསུམ་རེ་ཙམ་མགོའི་གཡས་གཡོན་རྒྱབ་བཅས་སོ་སོར་བརྒྱན་པ་དང་། དེ་བྱིངས་གོང་གསལ་གཟས་སྤྲོས་ཇི་བཞིན་ཡིན་ནོ།།༼ ཟླ་བ་ཚེ་རིང་དང་བཀྲ་ཤིས་ལུང་རིགས་ཀྱིས་བྲིས་ཤིང་པར་བླངས།༽