སྟོན་གྱི་ཉི་ཟེར་ཆུ་འཛིན་གསེབ་ནས་འཆར།།
སྟོན་གྱི་ཁངས་ཆར་རི་སྒང་སྤང་དུ་འཐོར།།
སྟོན་གྱི་མེ་ཏོག་དཀར་པོ་གང་སར་འཁྲུངས།།
སྟོན་གྱི་དུས་བཟང་བསུ་བའི་སྙན་ངག་འབྲི།།
སྟོན་གྱི་བསིལ་རླུང་སྟོད་ཕྱོགས་འབྲོག་ན་ལྡིང་།།
སྟོན་གྱི་འབྲས་བཟང་སྨད་ཕྱོགས་རོང་ནས་སྨིན།།
སྟོན་གྱི་དུས་ཚིགས་བསླེབས་པའི་ཕ་ཡུལ་ནས།།
སྟོན་གྱི་ནམ་ཟླར་འབྲེལ་བའི་སྙན་ངག་འབྲི།།
སྟོན་གྱི་ཟླ་གསུམ་གསེར་འོད་ཀློང་ན་འཁྱིལ།།
སྟོན་གྱི་ཟླ་གསུམ་ཁེར་རྐྱང་མཛོད་དུ་ལྟེམས།།
སྟོན་གྱི་ཟླ་གསུམ་བྲེལ་འཚུབ་ངང་དུ་གནས།།
སྟོན་གྱི་ཟླ་གསུམ་འཚོ་བའི་མངལ་དུ་སྦྲུམ།།
སྟོན་གྱི་རྩྭ་འདབ་གྲང་རླུང་འཚུབ་མས་རེག།
སྟོན་གྱི་ས་སྲོས་སྐྱོ་སྣང་ཚོར་བས་བརྙས།།
སྟོན་གྱི་རྨི་ལམ་ཁངས་ཀྱིས་གཏོར་ལ་ཉེ།།
སྟོན་གྱི་རྩེད་འཇོ་ཅི་གར་སྙན་ངག་འབྲི།།
སྟོན་གྱིས་ཕ་ཡུལ་ཁ་དོག་གསེར་རྩི་བྱུག།
སྟོན་གྱིས་ཡིད་འོང་མཚར་སྣང་མི་ཡུལ་ཕབ།།
སྟོན་གྱིས་ཕ་གཞིས་དྲོན་མོར་གཡང་ཞིག་བསྩལ།།
སྟོན་གྱིས་ཚོར་བའི་མེ་ལོང་སྙན་ངག་འབྲི།།
སྟོན་དུས་ཡུལ་ལྗོངས་འདི་ཉིད་མིག་གི་དཔྱིད།།
སྟོན་དུས་ཕུན་ཚོགས་དཔལ་ཡོན་ཕྱོགས་ཀུན་ཤར།།
སྟོན་དུས་དགའ་སྐྱིད་གླུ་དབྱངས་ལེན་བཞིན་དུ།།
སྟོན་དུས་དགའ་སྐྱོ་གཉིས་འདྲེས་སྙན་ངག་འབྲི།།
སྟོན་ཀ་བསླེབས་པས་སྡོང་ལོས་བྲོ་གར་འཁྲབ།།
སྟོན་ཀ་བྱོན་པས་མི་རྣམས་སྤྲོ་འཛུམ་རྒྱས།།
སྟོན་ཀ་ཚེས་པའི་སྣོད་བཅུད་ཇེ་ལེགས་ཕྱིན།།
སྟོན་ཀ་ཕེབས་པས་ངག་རིག་མེ་ཏོག་བཞད།།
སྟོན་གནམ་དྲོ་གྲང་སྙོམས་པོར་ལུས་ལ་འཕྲོད།།
སྟོན་ནམ་སྐར་ཚོགས་ཁྲ་མེར་མིག་གིས་བལྟས།།
སྟོན་གྱི་མཛེས་དཔལ་མ་ལུས་ཡིད་ཀྱིས་མྱངས།།
སྟོན་གྱི་དུས་བཟང་སྙན་ངག་དབྱངས་སུ་གྱེར།།
༼ གངས་ཆབ་ལྷ་སྲས། ༽
