国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་ནམ་སེམས་ཀྱིས་གཤགས་པ།

མཚན་གུང་རྨི་ལམ་དུ་མེ་ཏོག་བཀད་འདུག།

དྲན་པ་རབ་རིབ་ལ་དབྱར་ཁ་ཚེས་འདུག།

མཁུར་གོང་མུ་ཏིག་ནི་འཁྱག་རོམ་གྱུར་འདུག།

ཁེར་རྐྱང་སྣང་བ་ལ་རྩྭ་སྐྱ་སྐྱེས་འདུག།

སྟོན་ཀའི་རླུང་ཡན་དང་སྡེབ་པའི་སེམས་པ།།

དྲོ་གྲང་གང་ཡིན་ལ་ངེས་གཏན་མེད་འདྲ།།

སྐབས་འཕྲལ་འདུ་འཛི་ཡི་མེ་ལྕེ་འཇགས་རྗེས།།

ཁང་ཆུང་གྲུ་བཞི་ཡི་དྲོད་ཁོལ་ཡལ་ཚར།།

ཡུན་འདྲིས་གནས་མལ་ལ་འཁྱག་སྣང་སྐྱེས་བྱུང་།།

གཞོན་མེད་རྒས་མེད་ཀྱི་ལོ་ཟླ་རྫོགས་ཚར།།

སྟོན་མིན་དགུན་མིན་གྱི་ནམ་ཟླ་སླེབས་ཟིན།།

ང་ཡང་སྟོན་མཇུག་གི་ཁྲུང་ཁྲུང་ཡིན་དགོས།།

རྒྱང་སྐྱོད་རྨི་ལམ་གྱི་བཟི་ཁ་ཡོད་དགོས།།

བད་དང་ལྷགས་རླུང་གིས་སད་པ་མི་འོས།།

ཐུང་ཐུང་ཚེ་སྲོག་འདི་གསེར་གྱི་རྟེའུ།།

མྱ་ངན་རྡོག་ཁྲེལ་གྱིས་མནར་ནས་ཅི་བྱེད།།

སྡུག་བསྔལ་གྲངས་འདྲེན་གྱིས་སུ་ལ་ཅི་ཕན།།

ང་ནི་ཤིང་ལོ་བཞིན་མཁའ་རུ་འཕུར་འདོད།།

གཡའ་དག་ནམ་མཁའ་དང་ས་གཞི་སེར་པོ།།

སྟན་དང་འཕྱོར་གོས་ཀྱི་ཚུལ་དུ་རྒྱན་འདོད།།

ལོ་ཟླའི་བང་སོ་ཡི་ཕྱིར་དྲན་བསྔོགས་ན།།

མི་ཚེའི་འགོ་མཇུག་ལ་འགྲེལ་བཤད་བོར་འགྲོ།།

འདི་ནས་མདུན་ཐད་ཀྱི་ལས་ལམ་བསམ་ཚེ།།

དགུན་ལ་དགུན་རྩེག་གིས་ཚེ་ཚད་ཚར་འགྲོ།།

རྨི་ལམ་ཐུན་གཅིག་ལས་སྐྱིད་ཡུན་མེད་ཀྱང་།།

སྤང་རྒྱན་མེ་ཏོག་བཞིན་ང་རང་བཞད་དགོས།།

ལང་ཤོར་ཀུན་རྟོག་གི་རྟ་ཕོ་སྔོ་སྐྱ།།

དྲན་ཤེས་སྲབ་སྐྱོགས་ཀྱིས་དུལ་བ་མི་འདུག།

འཁོར་བའི་ཉིན་སྲིབ་ནས་འཚེར་སྐད་ལྷང་ལྷང་།།

རྔ་རྔོགས་ལིང་ལིང་གི་གཞོན་ཉམས་སྣ་ཚོགས།།

དུས་ཀྱི་ཁེ་གྲི་ཡིས་འབྲེག་པར་ངེས་ཀྱང་།།

སྟོན་ཁ་རེ་ཟུང་ཞིག་རྡོག་པས་གཞལ་ན།།

འུ་གཉིས་རྒས་སོང་ཡང་འགྱོད་རྒྱུ་མི་འདུག།

ངང་པ་ཁེར་འཁྱམ་ཞིག་མཚོ་ཁར་ལུས་འདུག།

སྨུག་པ་བན་བུན་ཞིག་རྒྱང་ལ་འཁྲིགས་འདུག།

གངས་ཆར་འདྲེས་མ་རེ་འབབ་རྒྱུ་ཡོང་འདྲ།།

བསིལ་རླུང་འཇམ་པོ་ཡིས་ངོ་གདོང་རེག་བྱུང་།།

སྟོན་ཁ་སེམས་ངོགས་ནས་རྙེད་པ་མིན་ནམ།།

མེ་ཏོག་རྙིད་རྗེས་ཀྱི་སྦྲང་མ་ཤི་བོ།།

མཚན་མོའི་རྨི་ལམ་དུ་འཕུར་སྐྱོད་བྱས་བྱུང་།།

བརྩེ་བའི་གཏམ་རྒྱུད་ཀྱིས་གཉིད་ཐུན་བཅག་སོང་།།

མུ་འབྲེལ་ཟློས་གར་གྱི་ལེ་ཚན་འཁྲུགས་འདྲའི།།

ཡུལ་དུས་ངེས་མེད་ཀྱི་དྲན་ཤེས་སྣ་ཚོགས།།

དཀར་དམར་ཁ་དོག་གི་ལྷན་པ་མང་ཡང་།།

བརྩེ་བའི་སྒེའུ་ཁུང་ལས་རྙེད་པའི་ཡུལ་སྡེ།།

ཕ་ཡུལ་ཆུང་ཆུང་དེའི་སྟོན་གྱི་གྲོང་ཚོ།།

ནམ་ཡང་བརྗེད་མེད་ཀྱི་སེམས་པའི་རྒྱལ་ས།།

ལོ་ཟླའི་ཉག་ག་ནས་བཏུས་པའི་མེ་ཏོག།

འདང་ཆེན་ཆུང་འདྲིས་ལ་ཕུལ་བའི་ལག་རྟགས།།

དུས་ཀྱི་གཙང་པོ་ཡིས་གཏན་དུ་སྦས་ཏེ།།

ང་རང་གཞན་འགྱུར་གྱི་གྲིབ་མས་བཟོས་ཀྱང་།།

དྭངས་གཙང་ནམ་ཟླ་འདིས་གསལ་འདེབས་བྱས་བྱུང་།།

ཤང་ཤང་ཆུ་མོ་ཡིས་གཏམ་རྒྱུད་འཆད་བྱུང་།།

སྟོན་ཁའི་ས་སྲོད་ལ་རྣ་བ་གླགས་ན།།

མི་ཚེའི་སྐྱིད་སྡུག་ལ་ངེས་མེད་གསུངས་བྱུང་།།

མངར་སྐྱུར་དྲོ་བ་ལ་ཚད་མེད་གསུངས་བྱུང་།།

༼ ཞོགས་རྫ་རྔ། ༽