སྟོན་རླུང་བསིལ་མོ་ཞིག་དལ་གྱིས་རྒྱུ་བའི།།
མཚན་མོའི་སྐར་ཚོགས་ཀྱི་ཁྲ་ཆིལ་དབུས་ནས།།
རྒྱུ་སྐར་བདག་པོ་ཡི་བསིལ་ཟེར་འཕྲོས་དུས།།
སྟོན་ཟླ་བརྒྱད་པ་དེ་བསུ་བར་བྲེལ་འདུག།
ཕྱི་རོལ་གྲང་ལྷགས་ཀྱིས་གཙེས་པའི་ནམ་ཟླ།།
ནང་སེམས་བྲེལ་ཟིང་གིས་སློང་བའི་དུས་ཚིགས།།
ནམ་ཟླ་དུས་བཞི་ཡི་སྟོན་ཟླ་རིང་མོ།།
སུ་དང་གང་ལ་ཡང་སྐྱོ་ངལ་སྟེར་མཁན།།
དབྱངས་སྙན་ཁུ་བྱུག་དེ་ཚང་ལ་བསྙེགས་པས།།
ཡུལ་སྟོང་ལུང་པའི་ནང་སྨྲེང་གཞས་འཐེན་གྱིན།།
ཉམས་དགའི་སྐྱེད་ཚལ་གྱི་རྩི་ཤིང་མེ་ཏོག།
མི་བརྟན་སྐད་ཅིག་གིས་རྒུད་འདི་སྨྲེང་བ།།
འདབ་ཆགས་ངང་པ་དེ་ཡུལ་ལ་ལོག་དུས།།
ཚོགས་དྲུག་སྣང་བ་ཡི་མེ་ཏོག་རྒུད་སོང་།།
མི་རྟག་སྐད་ཅིག་གི་ངང་ཚུལ་བཙན་པོས།།
ལྗང་མདོག་འཇིག་རྟེན་གྱི་ཁ་དོག་བསྒྱུར་སོང་།
རླུང་བུ་བསིལ་མོ་ཞིག་ལྷོད་ཀྱིས་ལྡང་སྟེ།།
སྟོན་འམགོ་ཚེས་པ་ཡི་སྔོན་བརྡ་གཏོང་དུས།།
རོང་འབྲོག་མང་ཚོགས་ཀྱིས་རང་རང་ས་ནས།།
སྟོན་ལས་བསྡུ་བ་ཡི་ལས་ལ་བྲེལ་འདུག།
སྔོ་ལྗང་འདབ་མ་ཡི་མཚོན་མདོག་བརྗེས་ཤིང་།།
སྟོན་རླུང་འཁྱག་པོ་དེ་ལྷོད་ཀྱིས་ལྡང་དུས།།
ཡལ་གའི་ལྕུག་ཕྲན་དག་དལ་བུར་སྐྱོད་ཀྱིན།།
སྟོན་ལོ་སེར་པོ་དག་གང་སར་ཐོར་འདུག།
ནོར་འཛིན་བུ་མོ་ཡི་ལང་ཚོ་མཛེས་ཀྱང་།།
སྟོན་རླུང་རྒོད་པོ་ཞིག་ཧོབ་ཀྱིས་ཐོན་དུས།།
མི་བདེན་སྒྱུ་མ་ཡི་སྣང་བརྙན་མངོན་བཞིན།།
སྟོན་ཟླ་བརྒྱད་པ་དེ་ལྷོད་ཀྱིས་ཚེས་འདུག།
སྟོན་གྱི་གདུག་རྩུབ་འདི་ཇེ་ཆེ་ཇེ་ཆེ།།
སེམས་ཀྱི་ཉིན་སྲིབ་ན་སྟོང་ཆ་ལྷང་ལྷང་།།
ནམ་ཟླ་རབ་རིབ་ཀྱི་སྨུག་སྤྲིན་བར་ནས།།
ནང་སེམས་དགའ་སྐྱོ་དག་དབྱངས་སུ་གྱེར་ཡོད།།
༼ མེ་ཆར། ༽
