国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་ཁའི་སྤང་ རྒྱན་མེ་ཏོག།

ཡངས་པའི་ས་ཆེན་ཉི་འོད་ལྷུང་བའི་ཚུལ།།

ཡིད་ཀྱི་ལྗོན་པ་དམར་སེར་ལི་ཁྲིའི་མདོག།

ཁྲུང་ཁྲུང་ལྷོ་རུ་འཁྲེང་བའི་ད་ཚོད་ལ།།

ཁྱོད་ཀྱི་ལང་ཚོའི་མེ་ཏོག་བཞད་ནས་བྱུང་།།

སྤྲིན་དཀར་འོ་མ་འཕྱུར་བའི་རི་རྩེ་ནས།།

གཟུགས་མེད་བསིལ་འཇམ་རླུང་བུས་ཤུགས་གླུ་ལེན།།

སྦྲང་ཆར་ཟིམ་ཟིམ་འཇོ་བའི་རྩྭ་ཐང་ནས།།

ཡིད་འོང་སྤང་རྒྱན་ཁྱེད་ཀྱི་འདབ་མ་རྒྱས།།

མི་ཚེའི་དར་རྒུད་རླུང་ཁའི་དར་ལྕོག་བཞིན།།

ལོ་ཟླའི་འཕོ་འགྱུར་ཞེ་ཡིས་མི་དཔོག་ཀྱང་།།

རྣམ་དག་སྨོན་ལམ་ཞིག་གི་མཐུ་འོག་ན།།

འུ་གཉིས་སྔར་བཞིན་བདེ་བར་གནས་འདི་སྐྱིད།།

བརྒྱ་ཁྲག་རི་ཆུས་རིང་དུ་བཀར་ཀྱང་རུང་།།

ཐུག་འཕྲད་རྨི་ལམ་དེ་བས་དཀོན་གྱུར་ཀྱང་།།

སྐྱིད་སྡུག་ཆུ་བོ་འདྲེས་པའི་ལས་སྐལ་འདིས།།

ང་ཡི་རེ་བའི་ནང་སེམས་གང་ནས་ཡོད།།

འཇིག་རྟེན་འཚོ་བར་དོ་སྙོམས་མི་སྲིད་ཅིང་།།

ཐམས་ཅད་དབང་བའི་ལས་སྐལ་ཆུང་བས་ན།།

གཞན་གྱི་བདེ་བར་ཡིད་སྨོན་མི་གནང་བར།།

གུ་ཡངས་སེམས་ཀྱི་འཚོ་བ་རོལ་དང་ཀྱེ།།

འཁོར་བ་གཏེར་དུ་སྦས་པའི་གསང་བ་འདྲ།།

བྱ་དངོས་མཐོངས་སུ་རྒྱུ་བའི་སྤྲིན་པ་བཞིན།།

འདིར་སྣང་ཆོས་ལ་ཡིད་རྟོན་མི་འདུག་མོད།།

འུ་གཉིས་སྣང་བ་མཐུན་པ་འདི་གས་ཆོག།

འབྱུང་འགྱུར་ལོ་ཟླ་གྱ་གྱུ་མོད་ན་མོད།།

ཨ་གསར་གཏམ་གྱི་ལྷུ་ལྷག་ཁྱོས་མ་སྒྲིགས།།

ངོ་གཉིས་མི་ཡི་ཟློས་གར་ངས་མི་འཁྲབ།།

ལྷད་མེད་བརྩེ་བ་འདི་ལ་གཅེས་སྐྱོང་གལ།།

ཁྱོད་ཉིད་ལྔ་ཟུང་རིག་པའི་སྐྱེད་ཚལ་ན།།

ཤེས་བྱའི་མེ་ཏོག་སྦྲང་མས་རྩི་ལེན་བཞིན།།

ང་ཡང་དགེ་ལེགས་འདབ་མ་འཁྲུངས་པའི་ཞིང་།།

མི་ཚེའི་ཁ་ཕྱོགས་སྔར་ལས་མཛེས་པར་སྨོན།།

༼ འོད་འཛིན་མ། ༽