国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱིས་ཚ་གཡོལ་ཐོན་ཁུངས་ དཔལ་འབྱོར་འཕར་ཐབས་སུ་བསྒྱུར།

སྟོན་ཁར་སླེབས་པ་ན་དབྱར་དུས་ཀྱི་ཚ་དྲོད་ལྷག་མ་ད་དུང་ཡལ་མེད་པས་རྒྱལ་ནང་མང་ཚོགས་ཀྱིས་བསིལ་འཇམ་ཡུལ་སྐོར་དང་ཚ་གཡོལ་འཛད་སྤྱོད་དགོས་མཁོ་སྔར་བཞིན་ཆེ་རུ་འགྲོ་བཞིན་ཡོད། དཀར་མཛེས་ཁུལ་གྱི་ངོས་ནས་བརྗོད་ན། 20℃ཡི་ཚོར་བ་ནི་ལྷན་སྐྱེས་ཀྱི་སྐྱེ་ཁམས་ལེགས་ཆ་ཞིག་ཡིན་ལ་ས་གནས་དཔལ་འབྱོར་ལ་སྐུལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། དེས་ན། རང་ཁུལ་གྱིས་དྲོད་ཚད20℃ཡི་དབྱར་ཁའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་རྒྱུན་མཐུད་ཆེན་རུ་གཏོང་བ་དང་། ཡུལ་སྐོར་གྱི་དུས་སྐབས་བཟང་པོ་དམ་དུ་བཟུང་སྟེ་ལྷན་སྐྱེས་ཀྱི་ཐོན་ཁུངས་དེ་དཔལ་འབྱོར་འཕར་ཐབས་སུ་བསྒྱུར་བ་དང་། ཡུལ་ལྗོངས་དངུལ་ཁུག་ཏུ་བསྒྱུར་བ། སྐྱེ་ཁམས་ཀྱི་ལེགས་ཆ་དེ་གྲོང་སྡེ་འཕེལ་རྒྱས་དང་མི་སེར་འབབ་འཕར་གྱི་གྲུབ་འབྲས་དངོས་སུ་བསྒྱུར་དང་སྒྱུར་བཞིན་ཡོད།

14308_02B_20260831རྒྱལ་རོང་བོད་གྲོང་གི་མཛེས་སྡུག།

རོང་བྲག། ཚ་གཡོལ་དྭངས་བསིལ་གོ་སྐབས་གསར་པ་བསྐྲུན། ལྗོངས་ཁུལ་ལ་དམིགས་ནས་དམངས་ཕྱུག་ཡོང་བར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཁས་ལེན་བྱས་པའི“ཡུལ་སྐོར་གྲོང་སྡེ་ཡག་ཤོས”རོང་བྲག་རྫོང་གི་ས་ཁོངས་ཡོངས་ཀྱི་ཆ་སྙོམས་མཚོ་འཕགས་སྨི2000ཙམ་ཡིན་ཞིང་། སྐྱེ་ཁམས་གནམ་གཤིས་ཐུན་མོང་མ་ཡིན་པ་དང་ས་ཁོངས་ནང་གི་གནའ་བོའི་མཁར་རྫོང་དང་གདོད་མའི་སྐྱེ་ཁམས་གྲོང་སྡེའི་མཛེས་ལྗོངས་དབྱེ་འབྱེད་བྱེད་ཚད་ཧ་ཅང་མཐོན་པོ་ཡོད། དུས་ཡུན་རིང་པོར་རོང་བྲག་རྫོང་གིས་མིའི་རིག་གནས་ཀྱི་ནང་དོན་སྔོག་འདོན་དང་གྲོང་སྡེའི་བག་ཕེབས་འཚོ་བ་མྱོང་ཚོར་བྱ་རྒྱུ་མཐའ་འཁྱོངས་ཏེ་གྲོང་སྡེ་ཆུང་ཆུང་དེ་དབྱར་ཁའི་གུང་གསེང་གི་ཚ་གཡོལ་བྱ་ཡུལ་དུ་རིམ་པ་སྤར་ནས་དྭངས་བསིལ་རིག་གནས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་གནའ་གྲོང་ཐོན་ལས་ལ་སྐྱེ་སྟོབས་གསར་པ་འཕེལ་དུ་བཅུག་ཡོད།

ལོ་གཉིས་རིང་སྐྱིད་ཁ་ཡུལ་གྲོང་སྡེར་ཚ་གཡོལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད། སྡོད་ཁང་གཉེར་སྐྱོང་བྱེད་མཁན་བསམ་གཏན་གྱིས་ཡུལ་སྐོར་བ་མང་བའི་དུས་སུ་སྡོད་ཁང་ཕལ་ཆེར་གང་ཐུབ། ཡུལ་མིས་ད་དུང་ས་གནས་དེ་གའི་ཕག་ཤ་བསྙལ་མ་དང་རི་སྐྱེས་ཤ་མོ་སོགས་ཞིང་ལས་ཁྱད་ཆོས་ཐོན་རྫས་བཙོངས་པར་བྲིན་ཁ་རྒྱུག་པས་ཡུལ་ལྗོངས་དེ་དངུལ་ཁུག་ཏུ་འགྱུར་བཞིན་ཡོད་ཅེས་བཤད། སྒུལ་བདེའི་ཚིག་ཇ་རླངས་འཁོར་གྱི་ཚོང་བདག་ནོར་བུས་ཉེ་བའི་ལོ་གཉིས་རིང་འདིར་ཚ་གཡོལ་ཡུལ་སྐོར་ཡོང་མཁན་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ཡུལ་སྐོར་བའི་དགོས་མཁོ་ཡང་སྔར་བས་མང་དུ་འགྲོ་བཞིན་ཡོད། མི་མི་ཉུང་བ་ཞིག་གིས་རི་དཀྱིལ་དུ་ཚིག་ཇ་བཏུང་ནས་མཛེས་ལྗོངས་ལ་ལྟ་འདོད་པས་ངས་ཀྱང་གོ་སྐབས་དེ་དང་བསྟུན་ནས་སྒུལ་བདེའི་ཚིག་ཇ་བཟོ་བ་ཡིན་ཞེས་བཤད།

འདབ་པའི་ཉི་སྟེན། ཚ་གཡོལ་ཐོན་ཁུངས་གསར་དུ་སྤེལ། གྲོང་སྡེ་མཉམ་ཕྱུག་ཡོང་བའི་སྒུལ་ཤུགས་ཆེ།

དེ་སྔ་ཉི་སྟེན་གྲོང་སྡེའི་ཡུལ་མིས་གཙོ་བོ་སྲོལ་རྒྱུན་ཞིང་རྨོ་དང་རི་དང་ནགས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པས་ཡོང་འབབ་ཀྱི་ཐབས་ལམ་སྣ་གཅིག་ཡིན་པ་དང་དུས་ཚིགས་འཕར་ཆག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ནས་ཡོང་འབབ་ཧ་ཅང་ཞན། གནམ་གཤིས་ལ་བརྟེན་ནས་འཚོ་བ་རོལ་བ་དང་སྟོན་ཐོག་གཅིག་གི་ཡོང་འཕར་ལས་མེད་པའི་བཀག་རྒྱ་ལས་ཐར་བའི་ཆེད། གྲོང་སྡེ་དེས་གྲོང་སྡེ་རིམ་པའི་ཐུན་མོང་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུ་དམ་འཛིན་བྱས་ཏེ་ཡུལ་མིའི་སྡོད་ཁང་དང་། ས་ཆ། དམངས་སྲོལ། སྐྱེ་ཁམས་བཅས་ཐོན་ཁུངས་གཙོ་བོ་ཆེན་པོ་བཞི་གཅིག་གྱུར་འཆར་འགོད་བྱས་ནས་གྲོང་སྡེ་ཡོངས་ཀྱི་དུད་ཚང37གྱི་མང་ཚོགས208སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་དང་ཁ་བྲལ་རྒྱུར་སྐུལ་ཁྲིད་བྱས་ཡོད། ཁང་པ་བོགས་གཏོང་དང་། ས་ཞིང་འཁོར་རྒྱུག། ཐུན་མོང་ཁེ་སྤོགས་བགོ་བ། ཐག་ཉེར་ལས་ཞུགས་བཅས་ཡོང་འཕར་ཐབས་ལམ་བཞི་བརྒྱུད་དེ་སྡོད་ཁང་གནས་ཚང་ལ་བསྒྱུར་བ་དང་བེད་མེད་རྒྱུ་ནོར་ཡོང་འཕར་མ་རྩར་བསྒྱུར་བ། དུས་ཐུང་ཚ་གཡོལ་འགྲུལ་པ་གྲོང་སྡེའི་ཐུན་མོང་དང་མང་ཚོགས་ཁྱིམ་ཚང་གི་རྒྱུན་རྣམ་ཅན་གྱི་ཡོང་འབབ་བརྟན་པོ་ཞིག་ཏུ་བསྒྱུར་བ་རེད།

འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་ཉི་སྟེན་གྲོང་སྡེའི་ལས་བྱེད་པ་བསོད་ནམས་ཀྱིས“གཟུགས་མེད་རིག་གནས་ཤུལ་བཞག་བར་ཁྱམས་དང་དམངས་སྲོལ་དངོས་མང་བཤམས་མཛོད་ཁང་སོགས་ལས་རིགས་གསར་པ་གཅིག་རྗེས་གཉིས་མཐུད་ངང་དོན་ཐོག་འཁྱོལ་བ་དང་བསྟུན་ནས་ལྗོངས་ཁུལ་གྱི་ཡུལ་སྐོར་མྱོང་རོལ་རྒྱུན་མཐུད་ངང་ཡག་ཏུ་ཕྱིན་པ་དང་གནས་སྡོད་བྱེད་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། 2025ལོར་ཉི་སྟེན་གྲོང་སྡེའི་ཡུལ་མི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི5ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས། ཉེ་བའི་ལོ་ཤས་རིང་འདབ་པ་རྫོང་གིས་ཐོན་ཁུངས་གང་འགྲིག་དེ་སྤྱོད་ཀྱི་རྨང་གཞིའི་ཐོག་གསོ་རླུང་དང་དྲོད་རླངས་མཁོ་འདོན་དང་། འགྲོ་ལམ་འགྲིམ་འགྲུལ། ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་རྒྱུན་མཐུད་ངང་ཁ་གསབ་བྱས་ཤིང་། ཡུལ་མིའི་གནས་ཚང་གི་བཟའ་བཏུང་དང་རྟ་པ་རུ་ཁག། རིག་འཆར་ཐོན་རྫས་སོགས་ཇེ་ལེགས་སུ་གཏོང་བཞིན་ཡོད།

དེ་དང་ཆབས་ཅིག་ནམ་རྒྱུན་ཡུལ་མིའི་རྩལ་ནུས་གསོ་སྦྱོང་བྱས་པར་བརྒྱུད་རྫོང་དེས་ས་གནས་དེ་གའི་མང་ཚོགས་རྣམས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པའི“ཟུར་ནས་ལྟ་མཁན”ནས་རིག་གནས་ཡུལ་སྐོར་ཐོན་ལས་ནང་ཞུགས་མཁན་དང་། ཞབས་ཞུ་བྱེད་མཁན། ཕན་པ་ཐོབ་མཁན་བཅས་སུ་འགྱུར་བར་བསྐུལ་ཡོད། སྲུང་བཙན་ཉི་སྟེན་བསྟི་གནས་ཀྱིས་མཚོན་པའི་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཁེ་ལས་ལ་ས་གནས་དེ་གའི་ལས་མི་བརྒྱ་ཆ50ལྷག་ལ་ཟིན་པ་དང་ཉེན་སྐྱོབ་ལྔ་དང་སྤྱི་གསོག་མ་དངུལ་གཅིག་སྤྲད་པ་སོགས་ལྟ་སྐྱོང་ཡག་པོར་བརྒྱུད་དེ་ས་གནས་དེ་གའི་སློབ་ཆེན་སློབ་མ་འབོར་ཆེན་ཞིག་ཕ་ཡུལ་དུ་ལོག་ནས་ལས་ཞུགས་ཐུབ་ཡོད། སློབ་ཆེན་ཐོན་རྗེས་ང་ཕ་ཡུལ་འདབ་པ་ཉི་སྟེན་དུ་ལོག་ནས་ཆང་རག་དང་ཡུལ་སྐོར་གྱི་ཞབས་ཞུ་བྱེད་ཀྱིན་ཡོད། སྤྱི་གཉེར་ཁང་གིས་ཉེན་སྐྱོབ་ལྔ་དང་སྤྱི་གསོག་མ་དངུལ་གཅིག་སྤྲད་པས་ལྟ་སྐྱོང་ཧ་ཅང་ཡག་པོ་འདུག། སྒོ་འཛིན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་རྗེས་ཡུལ་སྐོར་བ་མང་དུ་ཕྱིན་པར་མ་ཟད། མགྲོན་ཁང་དུ་སྡོད་མཁན་ཡང་མང་དུ་ཕྱིན་ཡོད་ཅེས་སྲུང་བཙན་ཉི་སྟེན་བསྟི་གནས་ཀྱི་ལས་དོན་མི་སྣ་བློ་བཟང་དར་རྒྱས་ཀྱིས་དེ་ལྟར་བཤད།

དུང་དཀར་ལུང་པ། གནས་སྐབས་ལྟ་སྐོར་ཡུན་སྡོད་ཐབས་སུ་བསྒྱུར། བདེ་གསོ་དཔལ་འབྱོར་ཡོང་འཕར་ལམ་བུ་བཏོད།

འཁྱགས་རོམ་ཆུ་ཚན་དང་། དྲོད་ཚད20℃ཡི་དབྱར་ཁའི་གནམ་གཤིས་བསིལ་པོ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་དུང་དཀར་ལུང་པ་ལྗོངས་ཁུལ་གྱིས་སྲོལ་རྒྱུན་གནས་སྐབས་ལྟ་སྐོར་ཐེངས་གཅིག་ཡོང་བའི་འཕེལ་རྒྱས་གཏོང་སྟངས་རྙིང་པ་དེ་དུས་ཡུན་རིང་པོའི་བདེ་གསོ་དང་ཡུལ་སྐོར་སྡོད་གནས་ཀྱི་ལྟེ་བའི་འགྲན་ལམ་དུ་གཏན་འཁེལ་བྱས་ཡོད། ད་ཆར་སི་ཁྲོན་དང་ཁྲུང་ཆིང་གི་ཁྱིམ་ཚང་དང་རྒན་རྒོན་ཚོགས་སྤྱི་དབྱར་ཁའི་གུང་གསེང་དུ་ཚ་གཡོལ་ལུས་གསོ་བྱེད་བཞིན་ཡོད།

ཁྲུང་ཀྲོའུ་ཡི་ཚ་གཡོལ་ཡུལ་སྐོར་བ་ཀའོ་ཙའེ་ཆིང་གིས་ང་ཚོ་མི100ལྷག་ཆེད་དུ་དེ་གར་ལུས་གསོ་བྱེད་པར་ཡོང་བ་ཡིན། གནམ་གཤིས་ཁོར་ཡུག་ཧ་ཅང་སྐྱིད་པོ་འདུག། ཞོགས་པ་ཞིང་ལས་ཉོ་ཚོང་ཁྲོམ་རར་འགྲོ་སྐབས་ས་གནས་དེ་གའི་ཤིང་ཏོག་མངར་མོ་དང་སྔོ་ཚལ་སོས་པ་ཡོད་པས་ས་གནས་དེ་གའི་ཁང་བདག་ངམ་ཡང་ན་ཡུལ་སྐོར་སྣེ་ཤན་པ་གང་ཡིན་རུང་སྤྲོ་སེམས་འཁོལ་པོ་འདུག། ཕྱིན་ཆད་ངས་གྲོགས་པོ་དེ་བས་མང་པོ་ཁྲིད་ནས་འདིར་འོང་རྒྱུ་ཡིན་ཞེས་བཤད། ཁྲོམ་རའི་དགོས་མཁོ་དང་འཚམ་ཆེད་དུང་དཀར་ལུང་པ་ལྗོངས་ཁུལ་གྱིས་མགྲོན་ཁང་དང་ཡུལ་མིའི་གནས་ཚང་གི་ཟླ་རེའི་འགན་གཙང་ལེན་གྱི་ཡུན་རིང་སྡོད་པའི་ཞབས་ཞུ་གསར་གཏོད་བྱས་ཏེ་ལྗོངས་ཁུལ་གྱི་ཡུལ་སྐོར་དང་དམངས་ཕན་ཞབས་ཞུ་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གཞི་གཅིག་ཅན་གྱི་ཡུལ་སྐོར་སྡོད་ཁང་ཆ་ཚང་བཏོད་དེ་གྲོང་སྡེའི་བེད་མེད་དུ་ལུས་པའི་ཡུལ་མིའི་སྡོད་ཁང་དང་། ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས། ཁྱད་ལྡན་ཞིང་ལས་ཐོན་རྫས་བཅས་རིམ་སྤོར་བྱེད་བཞིན་ཡོད།

གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན་ནས་སྤྱི་ཟླ8པའི་ཚེས25ཉིན་བར་དུང་དཀར་ལུང་པའི་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཁྲི122.27ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར13.45ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ56.31འཕར་བ་དང་། ས་ཁོངས་ཡོངས་ཀྱི་ལས་གཉེར་མགྲོན་ཁང268ནང་གི་བཅུ་ཆ་གསུམ་ལྷག་ལ་ཟླ་རེའི་འགན་གཙང་ཡུན་རིང་སྡོད་པའི་ཞབས་ཞུ་སྤེལ་ཡོད། ད་སྔར་དུང་དཀར་ལུང་པའི་ལྗོངས་ཁུལ་དུ་འཐུས་ཚང་གི་སྣ་མང་རིག་གནས་ཡུལ་སྐོར་ཐོན་རྫས་མ་ལག་བཙུགས་པ་སྟེ“གསར་བརྗེ+ལྗང་མདོག”རིམ་སྤོར་ཞིབ་འཇུག་སློབ་སྦྱོང་མྱོང་རོལ་དང“བསིལ+དྲོད”ཐོག་ནས་རིམ་པ་དབྱེ་བའི་ཆུ་ཚན་བདེ་གསོ་ལས་རིགས་འཐུས་ཚང་དུ་གཏོང་བ་དང་ཆབས་ཅིག་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་ཀྱིས་ཕྱི་རོལ་དུ་རྐང་ཐང་དུ་བསྐྱོད་པའི་ལམ་ཐིག་རྩེ་གྲ་བཏོད་དེ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་གཏོད་རྒྱུར་སྐུལ་བཞིན་ཡོད།

སྐྱེ་ཁམས་ཐོན་ཁུངས་གང་འགྲིག་དེ་སྤྱོད་དང་ལས་རིགས་རྣམ་པ་རིམ་སྤོར་བྱེད་པ་ནས་འཛད་སྤྱོད་བྱེད་སྟངས་གསར་གཏོད་དང་འཕེལ་རྒྱས་ཀྱི་ཁེ་ཕན་ཚང་མ་ལ་ཐོབ་པའི་བར་དཀར་མཛེས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ20℃ཡི་དབྱར་ཁའི་ཁྱད་ཆོས་ལྡན་པའིIPལ་གཞི་བཙུགས་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་རིག་གནས་ཡུལ་སྐོར་དམངས་ཕྱུག་གི་ཁྲིད་སྟོན་བརྟན་སྲུང་བྱས་ཏེ་སྐྱེ་ཁམས་གནམ་གཤིས་ཀྱི་དྭངས་བསིལ་ཐོན་ཁུངས་དེ་ཁྱབ་ཁོངས་ཡོངས་འཕེལ་རྒྱས་ཀྱི་ཐོན་ལས་ཚ་ཤོས་སུ་བསྐུལ་ཡོད། ཕྱིན་ཆད་རང་ཁུལ་གྱིས་སྐྱེ་ཁམས་དང་གནམ་གཤིས་ཀྱི་རིན་ཐང་གཙོ་བོ་གཉིས་སྔོག་འདོན་བྱས་ཏེ་དངོས་སླེབས་མྱོང་རོལ་ཅན་དང་བདེ་གསོ་རྣམ་པ་བཅས་ཀྱི་རིག་གནས་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཁྱབ་ཁོངས་ཡོངས་ཀྱི་ལེ་ལག་ཚང་བ་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་སྣ་མང་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ། “མཛེས་ལྗོངས་དངུལ་ཁུག་ཏུ་བསྒྱུར་བ་དང་སྐྱེ་ཁམས་ཀྱིས་དར་རྒྱས་ལ་སྐུལ་བའི”ལེའུ་གསར་མུ་མཐུད་ཡག་པོ་བྲི་རྒྱུ་ཡིན་པ་རེད།།

( ཀུན་དགས་བསྒྱུར།)