国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགེ་རྒན་ནི་དུས་རབས་ཀྱི་ཉིན་བྱེད་ཡིན་།

དེ་རིང་ནི་རྒྱལ་སྤྱིའི་དགེ་རྒན་དུས་ཆེན་གྱི་ཉིན་མོ་ཡིན་པས། ངས་ཀྱང་རང་ལ་བཀའ་དྲིན་གཞལ་མཐའ་བྲལ་བའི་དགེ་རྒན་རྣམས་གཙོ་བྱས་རྒྱལ་སྤྱིའི་དགེ་རྒན་ཡོངས་ལ་རྟེན་འབྲེལ་གྱི་ཁ་གཡང་དང་རེ་སྨོན་གྱིས་བསྔགས་བརྗོད་ཅིག་འབུལ་བར་འདོད།

དགེ་རྒན་ཞེས་པའི་ཡིག་འབྲུ་འདི་གཉིས་ནི་ང་ལ་མཚོན་ན་རྣ་བར་ཧ་ཅང་སྙན་ཞིང་གླེང་བར་འདོད་པའི་ཡིག་འབྲུ་གཉིས་ཡིན་ཏེ། ཡིག་འབྲུ་འདི་གཉིས་ནི་ངས་མཚན་མོའི་རྨི་ལམ་དང་ཉིན་གྱི་བྱ་བའི་ཁྲོད་ཡིད་ལ་ཡང་ཡང་འཁོར་མྱོང་བ་སུ་ཞིག་ལ་གསང་ངམ། ནམ་ཞར་ཡིག་འབྲུ་འདི་གཉིས་ལ་ཡིད་སྨོན་གྱི་འཕྲེང་སེམས་དང་གཟི་བརྗིད་ཀྱིས་ཡིད་དབང་འཕྲོག་མྱོང་བ་ཞིག་སྟེ། སྤྱིར་བཏང་ཕལ་བའི་མི་ཞིག་གི་སྣང་ངོར་དགེ་རྒན་ཞེས་པའི་མིང་གི་ཡི་གེ་འདི་ལ། དགའ་ཞེན་དང་རིན་ཐང་ལྡན་པ་ཞིག་རེད་སྙམ་པའི་བསམ་ཚུལ་ཞིག་སྐྱེས་མྱོང་མིན་ང་ལ་གསལ་ཁ་མེད་ཀྱང་། ང་རང་ངོས་ནས་བཤད་ན་ཡིག་འབྲུ་འདི་གཉིས་ཀྱིས་ངའི་བསམ་བློའི་འདུ་ཤེས་སམ་རིན་ཐང་གི་ལྟ་བ། སྤྱོད་ལམ་གྱི་མིག་དཔེ། མི་ཚེའི་ཕུགས་འདུན་དག་ལ་མངོན་སུམ་གྱིས་རྔོ་ཐོགས་པ་ཞིག་བྱུང་ཡོད། ཡིག་འབྲུ་འདི་གཉིས་ཀྱིས་ངའི་མི་ཚེ་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་དུ་བཅུག་པས། ཚེ་ཡི་དབུགས་རྒྱུན་མ་ཆད་བར་དུ་ངས་རྟག་ཏུ་ཡིག་འབྲུ་འདི་གཉིས་གླེང་ཞིང་འདི་ཡི་བྱེད་ལས་ལ་རྗེས་སུ་ཡི་རང་བྱ།

ང་རང་། མི་ལོ་ཉི་ཤུའི་ཐེམ་སྐས་ལ་སླེབས་རག་བར་དུ་དགེ་རྒན་ལ་ཁ་བྲལ་མ་མྱོང་བ་ཞིག་ཡིན་པའི་ངོས་ཐད་ནས། དགེ་རྒན་ཞེས་པ་འདི་ལ་རྒྱུས་མངའ་ཆེ་བ་ཞིག་ཡིན་ལ། དགེ་རྒན་ཞེས་པའི་མཚན་ཉིད་འདི་ནི་དོན་དང་ལྡན་པ་ཞིག་ཡིན་སྟབས། འདི་ལ་དཀའ་ལས་ཆེ་ཞིང་གནོན་ཤུགས་མཆིས་པ་ཡང་སྨོས་མ་དགོས་པ་ཞིག་ཡིན། དགེ་རྒན་གྱིས་སློབ་མའི་དོན་དུ་ངལ་བ་བརྒྱ་ཕྲག་ཁུར་དུ་བླངས་ཏེ་མཚན་མོའི་གཉིད་ཀྱང་མི་ཁུགས་པའི་སྡུག་བསྔལ་མྱོང་གིན་ཡོད་ཀྱང་། དགེ་རྒན་གྱི་བྱེད་ལས་ལ་ཡིད་སྨོན་གྱི་མེ་ཏོག་འཐོར་བ་མ་གཏོགས་སུན་སྣང་གིས་འཁང་ར་ཞིག་ཡེ་ནས་བྱ་ཐབས་བྲལ། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། ས་པཎ་གྱིས་དགེ་རྒན་གྱི་མཚན་ཉིད་ལ་གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་གསུངས་འདུག་ལ། འདི་འདྲའི་མཚན་ཉིད་ཅིག་འཛོམས་རྒྱུ་དཀའ་ནའང་རང་གིས་ཤེས་ཚོད་ཀྱིས་སློབ་མ་ཚོའི་རྒྱུད་ལ་ཤེས་ཡོན་སྦྱོར་ཅི་ཐུབ་དང་། ཀུན་སྤྱོད་ལྡན་པ་ཞིག་ཏུ་འགྱུར་བར་ཀུན་སློང་གཙང་མས་སློབ་གསོ་དང་གཉོར་སྐྱོང་བྱེད་ཐུབ་ན་སྐྱེ་བ་འདིའི་བསོད་ནམས་ཀྱི་བགོ་སྐལ་ཞིག་རེད་བསམས་ཡོད།

གངས་རི་ལྟ་བུའི་ལྷག་བསམ་བསྣམས་པའི་རླབས་ཆེན་གྱི་དགེ་རྒན་ནི་ཤེས་རིག་གི་རྨོངས་མུན་འཇོམས་པའི་དྭངས་གསལ་གྱི་ཉིན་བྱེད་ཡིན་ལ། བྱམས་སེམས་ཀྱི་བརྩེ་བས་བརྟས་པའི་རླབས་ཆེན་གྱི་དགེ་རྒན་ནི་མཛའ་བརྩེ་ཡི་ཉི་འོད་བསུ་བའི་ལམ་སྟོན་གྱི་སྒྲོན་མེའང་ཡིན། གཟི་བྱིན་གྱི་དྭངས་བ་འདྲེན་པའི་རླབས་ཆེན་གྱི་དགེ་རྒན་ནི་མི་རིགས་ཀྱི་ཚེ་ནོམ་དང་རེ་འདོད་ཀྱི་ནོར་བུ་ཡིན་ལ། བཟོད་བསྲན་གྱི་ཁོག་རྒྱ་ཡངས་པའི་རླབས་ཆེན་གྱི་དགེ་རྒན་ནི་སྐྱེ་བ་འདིའི་དྲན་ཤིང་ཡིན་པས་དུས་རབས་འདིའི་གཟི་བརྗིད་ཅིག་ཏུ་བརྩི་ཆོག་སྟེ། དགེ་རྒན་ནི་གསར་བཞད་ཀྱི་མེ་ཏོག་ཅིག་ཡིན་ན་ང་ཚོ་ནི་དེའི་སྟེང་འཁོར་བའི་བུང་བའི་ཚོགས་དེ་ཅི་ལ་མིན། དགེ་རྒན་ནི་ཤེས་རིག་གི་དེད་དཔོན་དང་མི་རབས་འདིའི་སྐྱ་རེངས་བསུ་བའི་དཀར་གསལ་གྱི་འོད་སྣང་ཐོག་མ་ཡིན་ཏེ། ལོ་ཟླའི་འགྲུལ་བཞུད་ཁྲོད་བསུབ་ཐབས་མེད་པའི་རྗེས་དྲན་གྱི་རི་མོ་རྐོ་བའི་གཞན་མེད་མཛད་རྗེས་ཀྱི་བདག་ཉིད་ཅན་ཡང་ཁྱེད་ཅག་མིན་ན་སུ་ཞིག་ཡིན་འོས། དྲོ་ཞིང་འཇམ་པའི་གསེར་མདོག་གི་སྣང་བྱེད། བསིལ་ཞིང་དུང་བའི་དཀར་གསལ་གྱི་ཟླ་བ། མཛའ་བརྩེས་ཕྱུག་པའི་དྭངས་གསལ་གྱི་རྒྱ་མཚོ། བྱམས་ཀྱིས་སྐྱོང་བའི་ངེས་དོན་གྱི་སེམས་དཔའ་རྣལ་མ། ཁྱེད་ཅག་ནི་སློབ་མའི་བསོད་ནམས་དང་མི་རིགས་ཀྱི་རྒྱན་དུ་ཆེ་བས། ཁྱེད་ཅག་གི་ཐུགས་བཞེད་ཡར་ཟླ་བཞིན་འགྲུབ་ཅིང་བསོད་ནམས་ཀྱི་སྐུ་གཟུགས་རི་རྒྱལ་བཞིན་བརྟན་དགོས།

ང་རང་དགེ་རྒན་ཞེས་པའི་ཐ་སྙད་འདི་ལ་ཞེ་དྲག་དགའ་པོ་ཡོད་དོན་ནི་མིང་དོན་མཚུངས་བའི་དགེ་རྒན་མང་པོ་ཞིག་གི་མཛའ་བརྩེའི་འོ་ཇ་འཐུང་ཞིང་། ཟོལ་མེད་ཀྱི་ལྷག་བསམ་གངས་རི་ལས་དཀར་བའི་ཤེས་རིག་གི་བདུད་རྩི་ཇི་སྙེད་ཅིག་གཞིབ་པས་ལོས་ཡིན། ལོ་སྐོར་ཟླ་བ་བཅུ་གཉིས་ཀྱི་རིང་ལ་དགེ་རྒན་ཚོས་ངལ་བའི་དཀའ་སྡུག་གང་མང་ཞིག་གདོང་གིས་བསུས་ཤིང་རེ་སྨོན་གྱིས་འཁྲེང་བའི་སློབ་བུ་དག་གི་མདུན་ལྗོངས་ལ་གསེར་མདོག་གི་རྨི་ལམ་བསྐྲུན་པ་ནི་ཇི་འདྲའི་ཡིད་དུ་འོང་བའི་བྱ་གཞག་རླབས་ཆེན་ཞིག་རེད་ཨང་།

ལས་ཀྱིས་བགོ་སྐལ་དུ་ལྷགས་པའི་གུས་འོས་ཀྱི་དགེ་རྒན་རྣམ་པ། རྒྱལ་སྤྱིའི་དགེ་རྒན་དུས་ཆེན་གྱི་ཉིན་མོ་ནི་ཁྱོད་ཚོར་དབང་འོས་ཤིང་ཁྱོད་ཅག་ཁོ་ནས་རོལ་ཆོག་པའི་ཉིན་མོ་ཞིག་ཡིན་ལ། ཉིན་མོ་འདིར་ཁྱེད་ཚོས་ལྷག་བསམ་གྱིས་བསླངས་པའི་དཀའ་སྡུག་གི་ངལ་དུབ་མཐའ་དག་རེ་ཞིག་ཕར་ལ་གཡུགས་ཏེ། ཐུགས་ལྷོད་ལྷོད་དང་སྐུ་བདེ་བདེའི་ངང་བཞུགས་དང་། ང་ཚོས་རྟེན་འབྲེལ་གྱི་མཚོན་དོན་མང་པོ་སྨོན་འདུན་དུ་སྤྲུལ་ཏེ་ཁྱེད་ཅག་གི་དར་ལུང་རྣ་བའི་གསོས་དང་ཁྲ་ཆུང་མིག་གི་དགའ་སྟོན་དུ་སྐྱེལ་ཡོང་།

གལ་ཏེ། སྨོན་ཚིག་འདི་ནི་དཔག་བསམ་ལྗོན་པ་ཞིག་ཡིན་ན། གང་དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ཁྱེད་ཅག་གི་ལོངས་སྤྱོད་གནང་སྟེ། དད་འདུན་གཙང་མས་རེ་འདོད་ཐམས་ཅད་ཆར་ལྟར་དབབ་པར་བྱེད་ཆོག་ལ། གལ་ཏེ། སྨོན་ཚིག་འདི་ནི་ར་རིའི་དྲི་མས་མ་གོས་པའི་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཡུག་གཅིག་ཡིན་ན། ཁྱེད་ཅག་གིས་གང་དེའི་རྣམ་དཀར་ལྷག་བསམ་མཚོན་བྱེད་ཀྱི་རྟེན་འབྲེལ་གྱི་ལྷ་དར་ཞིག་ཏུ་སྒོམ་ཆོག། གལ་ཏེ། སྨོན་ཚིག་འདི་ནི་དྭངས་ཤིང་གཙང་བའི་ལྷ་ཆབ་བདུད་རྩི་ཞིག་ཡིན་ན། ཁྱེད་ཅག་གིས་ཁམ་གང་བཞེས་ཙ་ན་ལུས་སེམས་ཀྱི་ངལ་དུབ་ཡོངས་སུ་བསལ་ཏེ་སྔར་ལྟར་ཡིད་འོང་གི་འཛུམ་ཆུང་མངོན་ཞོར་དོན་གཉིས་ཀྱི་འཚོ་བ་སྤྲོ་བས་བསུས་ཆོག་པར་ཤོག། གལ་ཏེ། སྨོན་ཚིག་འདི་ནི་དྲི་ཞིམ་གྱི་མེ་ཏོག་རྐང་གཅིག་ཡིན་ན། འདི་ཡིས་ཁྱེད་ཅག་གི་རྨད་བྱུང་ལྷག་བསམ་བསྣམས་ཏེ་བག་དྲོ་བའི་ཚོར་བ་སྣུམ་པོ་ཞིག་ཁྱེད་ཚོར་ཅིས་ཀྱང་སྦྱིན་ན་སྙམ་བྱུང་། རེད་དེ། ང་ལ་ཅི་ཡང་མེད་ཀྱང་ངས་ལུས་ངག་ཡིད་གསུམ་གྱི་སྨོན་འདུན་གཙང་མ་ཞིག་ཐེ་ཚོམ་དང་སེར་སྣ་མེད་པར་ཁྱེད་ཅག་ལ་ཕུལ་ངེས་ཡིན། རྒྱལ་ཁ་དང་གཟི་བརྗིད་ཀྱིས་ཁྱོགས་པའི་དགེ་རྒན་ཁྱེད་ཅག་ནི་མི་རིགས་ཀྱི་བསོད་ནམས་དང་དུས་རབས་ཤིག་གི་ཉིན་བྱེད་ཡིན་ཏེ། ས་སྒང་རིལ་མོ་འདིའི་སྟེང་གི་དགེ་མིང་འཛིན་པ་ཡོད་དོ་ཅོག་གི་འབྱུང་འགྱུར་གྱི་འཚོ་བར་ཁ་དགེ་དབང་ཐང་དར་བ་དང་། ཚེ་བསོད་རླུང་རྟ་དར་བའི་རྣམ་དཀར་གྱི་སྨོན་འདུན་གཙང་མ་སྙིང་ནས་ཕུལ།

༼ རྩེ་སྲས་ཟླ་འོད། ༽