དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་རྩལ།།
མ་ལུས་གཅིག་ཉིད་ཁབ་ཏུ་རོལ་དང་ལྷན།།
ཞི་བའི་ཟླ་བ་བཞད་འདྲའི་བློ་མིག་ཅན།།
དེང་འདིར་སྙན་དབྱངས་ངག་གིས་མགྲོན་ལ་བསུ།།
འཛུམ་ཆུང་འོད་ཟེར་གངས་རིའི་སུལ་དུ་བརྗིད།།
མཛད་པའི་བྱས་རྗེས་གླིང་བཞིའི་ཕྱོགས་སུ་འཕུར།།
གང་གི་ཐུགས་ཡངས་ནམ་མཁའི་མཐོངས་ཀ་ནས།།
རྩེན་པའི་སློབ་མ་རྒྱུ་སྐར་གྲངས་ལས་འདས།།
འདི་ན་བྱམས་དང་བརྩེ་བའི་མངའ་བདག་ཆེ།།
ས་འཛིན་ཉི་མ་འཆར་དང་མཚུངས་པ་སྟེ།།
གང་དག་མུན་པའི་དཔུང་པ་རབ་བཅད་དེ།།
ལེགས་བྱས་དུས་ཀྱི་བློ་མིག་ཁ་ཕྱེ་མཛད།།
ཤེས་རབ་གཤོག་ཟུང་བརྐྱངས་ནས་རབ་འཕུར་ཞིང་།།
བརྩེ་བའི་འདབ་མ་གྲོལ་བས་གཞོན་པ་དག །
རང་གི་བུ་བཞིན་གཅེས་ཤིང་སྐྱོང་མཁན་དེ།།
ང་ཚོའི་འཁྲིས་སུ་ཡོད་པར་བརྩི་མཐོང་ཆེ།།
མ་འོངས་བྱིས་པའི་བློ་ཁོག་རབ་ཡངས་པ།།
གང་ཉིད་མཛད་པའི་ལས་སུ་མཆིས་གྱུར་པས།།
བླ་མེད་ཤེས་རབ་རྩལ་རྫོགས་འཁྲི་ཤིང་གི།།
ཕྱོགས་སུ་འཐོར་བའི་མི་ལ་སྔར་བཞིན་སྐྱོང་།།
ངས་ནི་ངག་རིག་སྒྱུ་མའི་དབྱངས་རྟ་ཡིས།།
མཚན་བཟང་སློབ་དཔོན་དམ་པའི་མདུན་དྲུང་དུ།།
རེ་བས་དར་ཆ་བསྐྱོར་དང་ལྷན་ཅིག་ཏུ།།
སྔོག་པའི་ཕོ་ཉར་གཡོ་སྒྱུས་ལྷད་མ་མཆིས།།
དུས་བཟང་དགའ་སྟོན་བོས་པའི་སློབ་མའི་གཉེན།།
དུས་ཀྱིས་མ་བཅོམ་གངས་རིའི་ཞོལ་དུ་གནས།།
གངས་ལ་ཉི་ཟླ་འཚེར་བ་དང་མཚུངས་པའི།།
བླ་མེད་མཆོག་གི་རྒྱལ་མཚན་དེ་ཁོ་ན།།
སྐུ་ཡི་ན་ཚོད་གཞོན་པ་ནས་བཟུང་སྟེ།།
དབུ་ལ་ཁ་བ་དཀར་པོ་བབས་པ་དང་།།
བཞིན་ལ་གཉེར་མ་དོད་པའི་དུས་མཐའ་བར།།
བརྩེ་བའི་ཀློང་ནས་གཞོན་པར་མདུན་ལམ་བསྟན།།
དུས་ཀྱི་ཟླ་བ་དགྲ་ཡིས་ཟིན་ན་ཡང་།།
འོད་ཀྱི་སྣང་བ་ཡལ་བར་མི་ངེས་པར།།
སླར་ཡང་དགྱེས་པའི་འཛུམ་མདངས་གྲོལ་བའི་སར།།
སློབ་དཔོན་གང་ཉིད་མཚུངས་པར་གྲགས་པ་ཆེ།།
འདི་ཡི་སྙན་ཚིག་ཟླ་བའི་སྐྱེམས་ཆང་དེ།།
གང་གི་དུས་བཟང་ཕུལ་བའི་ལེགས་སྐྱེས་དང་།།
གང་ཞིག་སྲིད་པའི་སྒྲོན་མེ་གཅིག་ལགས་པས།།
ནམ་ཡང་གཟིམ་པ་མེད་པའི་བརྟན་བཞུགས་ཞུ།།
༼ ཁམས་ཟླ་སྲས། ༽
