国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངོ་མཚར་ལོ་རྒྱུས་ཀྱི་གཟི་འོད་འཕྲོས་ཤིང་མི་རིགས་མཐུན་སྒྲིལ་གྱི་གསེར་ཟམ་འཛུགས་ས།

སྔོན་འགྲོའི་གཏམ།

ཤར་སྟོད་བཞག་བྲ་ལྷ་རྩེ་ཞེས་གངས་ཀྱི་ས་འཛིན་མཁའ་ལ་འགྱིང་བའི་མདུན་ཞོལ། ཤར་ན་རྒྱལ་མོ་ཚ་བ་རོང་དང་ལྷོ་ན་མི་ཉག་དཔལ་ཡུལ་ལྷ་སྒང་དང་ཉག་ཆུ་རྫོང་། ནུབ་ན་ཏྲེ་ཧོར་རྟའུ་ལུང་པ་དང་བྱང་ན་ཤར་རོང་དང་གཡུ་ཁོག་འབྲོག་སྡེ་སོགས་དང་འབྲེལ་བའི་ཡུལ་དབུས་སུ་ཡུལ་ལྗོངས་ཉམས་དགའ་བའི་ཞིང་ཁམས་སུ་བརྗིད་ཀྱིས་ཆགས་པའི་ཡུལ་གྲུ་རིང་མོ་དེར་མགར་ཐར་ལུང་པ་ཞེས་གྲགས་ཤིང་། རྒྱ་བོད་ཡིག་ཚང་དང་དེབ་ཐེར་ཁག་ཏུ་ལོ་རྒྱུས་ཀྱི་གཟི་འོད་འབར་བའི་ཞིང་ཁམས་ཁྱད་པར་ཅན་ཞིག་ཏུ་གྱུར་ཡོད། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་རི་བོ་བཀྲ་ཤིས་རྫོང་སྒོ་དང་ལུག་འབྲོག་གསེར་གྱི་བྱ་ཁྱུང་སོགས་རྔམ་ཞིང་བརྗིད་པའི་རྫ་རི་དང་བྲག་རི། ནགས་རི་དང་སྤང་རི་སོགས་རི་དང་རི་ཕྲན་མང་པོས་མཐའ་ནས་བསྐོར་བ། བཞག་བྲ་གཡུ་མཚོ་དང་བྲག་ཉིས་མཚོ་སོགས་མཚོ་དང་མཚེའུ་མང་པོས་ཕྲ་རྒྱན་བཏབ་པ། རྩྭ་རྩི་སྨན་གྱི་རིགས་མང་པོས་རི་ལུང་བལྟམས་ཤིང་ངོ་མཚར་བའི་སྣོད་ཀྱི་བཀོད་པ་མ་ལུས་ཀུན་ནས་ཚང་བའི་ཞིང་མཆོག་ཉམས་དགའ་བ་འདིའི་སྒང་རྒྱུད་སོ་སོ་ན་ཕྱུགས་རིགས་དཀར་ནག་གིས་ཐང་མར་བརྡལ་ཞིང་དཀར་འོ་མའི་རྒྱ་མཚོ་འཁྱིལ་བའི་འབྲོག་གི་ལས་ཀ་དང་། ཞོལ་ན་རྒྱ་ཤོད་ཞིང་གི་རེའུ་མིག་རྣམ་པར་བཀྲ་ཞིང་འབྲུ་རིགས་སྣ་ལྔའི་འབྲས་བུ་དུས་སུ་སྨིན་པའི་ཞིང་པའི་ལས་ཀ་བཅས་རོང་འབྲོག་ཉི་ཟླ་ཟུང་གིས་ཡུལ་འདིའི་ལུགས་གཉིས་ཀྱི་དགེ་མཚན་མཐོ་རུ་བསྒྲེངས་པའི་ཡུལ་ཁམས་འདི་ནི། རྒྱ་བོད་ཡིག་ཚང་མང་པོའི་ཁྲོད་དུ་མི་ཉག་མགར་ཞེས་གྲགས་པའི་གསེར་ཡིག་གི་གཟི་འོད་འཕྲོས་པའི་ཡུལ་ཁྱད་པར་ཅན་ཞིག་ཏུ་གྱུར་ཡོད། འདིར་དུས་རབས་སོ་སོའི་མངའ་ཐང་དར་རྒུད་སོགས་ཀྱི་སྐབས་སུ་མི་ཉག་མགར་ཐར་གྱི་ཡུལ་ཁམས་འདིར་འགྱུར་ལྡོག་ཅི་ལྟར་བྱུང་མྱོང་བ་རྒྱུས་ལོན་མདོར་བསྡུས་ཙམ་ཞིག་བྱའོ།།

ཐང་རྒྱལ་རབས་སྐབས་ཀྱི་མགར་ཐར།

མགར་ཐར་ནི་མི་ཉག་རིག་གནས་ཀྱི་ལྟེ་བ་ཞིག་ཡིན་པ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་དང་འཚམ་པ་ཞིག་ཡིན་ལ། བོད་ཀྱི་བློན་ཆེན་མགར་སྟོང་བཙན་ཁྱིམ་རྒྱུད་ཀྱི་ཕ་ཡུལ་ཏེ་གནས་འདིའི་ས་མིང་ནི་བོད་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན་མགར་སྟོང་བཙན་ཡུལ་སྲུང་དང་འབྲེལ་བ་ཡོད། སྤྱི་ལོ642ལོར་བློན་ཆེན་མགར་སྟོང་བཙན་ཡུལ་སྲུང་ཐང་གི་རྒྱལ་ས་ཁྲང་ཨན་དུ་ཕེབས་ནས་རྒྱ་བཟའ་ཀོང་ཇོ་བོད་དུ་གདན་འདྲེན་ཞུས་ཤིང་། མགར་ཐར་ཡུལ་ལ་ཚལ་པའི་དེབ་དམར་ནང་དུ་ག་ཐག་ལ་སོགས་མི་ཉག་གི་ཡུལ་ཐམས་ཅད་ཅེས་གསུངས་ཤིང་མི་ཉག་འགའ་དང་། མི་ཉག་ག། ག་ཐག། འགའ་ཐག། སྒོ་གདོང་སྒོ་མོ། མགར་གྱི་རུས་རྒྱུད་དར་ས་ཡིན་པས་མགར་དར་དང་། ཁྲང་ཨན་ནས་བྲོས་ཏེ་མགར་ཐར་ཡུལ་དུ་སླེབས་སྐབས། ཐང་རྒྱལ་རབས་ཀྱི་རྗེས་སྙེག་ཐབས་བྲལ་བས་བདེ་འཇགས་ངང་སླེབས་པར་དགོངས་ནས་མགར་ཐར་ཞེས་ཐོགས་པ་སྟེ། དེ་ནས་བཟུང་ས་མིང་འདི་ལོ་ངོ་སྟོང་ཕྲག་རིང་དར་ཁྱབ་བྱུང་ཞིང་ས་མིང་ཞིག་ཏུ་གྱུར་ཏོ།། མགར་སྟོང་བཙན་གྱི་ཁྱིམ་རྒྱུད་ཀྱི་འབྱུང་ཁུངས་ཀྱང་མི་ཉག་མགར་ཐར་ཡིན་པ་གུ་བཀྲའི་ཆོས་འབྱུང་ལས། ཐོག་མར་བོད་འདིར་མི་ཡི་འགྲོ་བ་ཆགས་ནས་རིང་ཞིག་ན། ཤར་མི་ཉག་བཞག་བྲ་དཀར་པོའི་རི་རྩེ་ལ་སྟེང་འོད་གསལ་གྱི་ལྷ་ཞིག་གནམ་ནས་བབས་པ་ལས་མི་རྣམས་ཀྱིས་གནམ་ནས་བབས་པས་མཚན་མགར་གནམ་ཚ་འབྲུག་ཅེས་བཏགས་པས། དེའི་རྒྱུད་པ་མགར་བླ་མཁྱེན་ཆེན་པོ། དེའི་སྲས་མགར་སྟོང་མེས་ཁྲི་ཆགས། དེའི་སྲས་མགར་སྟོང་བཙན་ཡུལ་བཟུང་ངམ་ཆོས་བློན་རིག་པ་ཅན་དུ་གྲགས་པ་སྟེ། འཕགས་པ་སྤྱན་རས་གཟིགས་རྒྱལ་པོའི་ཚུལ་དུ་སྤྲུལ་པ་སྲོང་བཙན་སྒམ་པོའི་དུས་སུ་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཡ་གྱལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་འཕྲུལ་བློན་རིག་པ་ཅན་འདི་དང་ཞེས་གསུངས་པ་ལྟར། སྤྱིར་མགར་ཐར་ཕྱོགས་སུ་མགར་རུས་དང་འབྲེལ་བའི་གནའ་ཤུལ་ཏེ་མགར་ལུང་དང་། མགར་ཕུག་ཅེས་པ་མགར་ཚང་གི་མཚེར་ཤུལ་དང་། ལྷ་གསོལ་དང་ཀླུ་གསོལ་བྱ་ཡུལ་མགར་བ་ལ་བཙས་དང་མགར་བ་མཚོ། གཞན་མགར་སྐྱིད་སྒང་དང་མགར་ཆུ་ཁུག། མགར་ཆུ་ལྟག་སྒོ་ཟེར་བ་སོགས་མཆིས། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། སྒོ་གདོང་སྒོ་མོའི་རྩར་ཀོང་ཇོ་དཔོན་གཡོག་གི་རྗེས་ཟིན་སྐད་དོ།། ཞེས་དང་། དུང་དཀར་ཚིག་མཛོད་དུ། མི་ཉག་ནས་ལྷ་སར་འགྲོ་བའི་ལམ་བར་མགར་ཐར་ཞེས་པའི་ས་ཆ་ལ་སྔར་སྒོ་གདོང་སྒོ་མོ་ཞེས་འབོད་ཀྱང་བློན་པོ་མགར་རྒྱ་ནག་ནས་བྲོས་ཏེ་ཐར་བའི་ས་ཆ་ཡིན་པའི་རྒྱུ་མཚན་གྱིས་དེའི་དྲན་གསོ་ཞུ་བྱེད་དུ་མགར་ཐར་ཞེས་བཏགས་པ་ཡིན་ཞེས་གསུངས་པ་ལྟར་ཡུལ་འདིའི་ངག་རྒྱུན་དུ་མགར་སྟོང་བཙན་རྒྱའི་ཡུལ་ནས་བྲོས་སྐབས་རྗེས་འདེད་པ་ཚོར་འཁྲུལ་བའི་ཕྱིར་དུ་བྱས་པ་ཡིན་ཟེར་བའི་རྡོ་བརྩིགས་དང་ཐོ་ཡོར་བཙུགས་པའི་རྗེས་ཤུལ་འདྲ་མིན་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད། རྒྱ་བོད་མི་རིགས་བར་ལ་གཉེན་སྒྲིག་གི་འབྲེལ་ལམ་ཐོག་མར་འཛུགས་མཁན་གྱི་མི་སྣ་འདི་ཡང་མགར་ཐར་བའི་མི་ཐོག་སྔ་མ་མགར་སྟོང་བཙན་ཡིན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཆིས་བྲང་ཆེན་མོ་མི་ཉག་རུ་ཡོང་བཟའི་འཁྲུངས་གཞིས་རྒྱལ་མོ་ཁང་རལ་ཟེར་བའི་ཕོ་བྲང་གི་ཤུལ་དང་། ཡོང་བཟའི་གདོང་ཟེར་བའི་རི་ཞིག་ཀྱང་ཡོད་པས་གནས་འདི་ནས་ཆོས་རྒྱལ་སྲོང་བཙན་གྱི་བཙུན་མོར་ཕེབས་སམ་སྙམ་ཞིང་ཆེད་མཁས་པ་ཁ་ཅིག་གིས་ཚོད་དཔག་བྱེད་ཀྱིན་ཡོད། ཐང་གི་ས་བཀྲའི་ནང་དུ་མགར་ཐར་འཁོད་ལུགས་ལ་བལྟས་ན་སྲིད་འབྱོར་རིག་གསུམ་གྱི་རྟེན་གཞི་དང་མིང་གྲགས་ཆེ་བ་ཞིག་ཏུ་ཤེས་ཐུབ།

སུང་ཡོན་མིང་རྒྱལ་རབས་སྐབས་ཀྱི་མགར་ཐར།

སུང་རྒྱལ་རབས་གཉིས་ཀྱི་དུས་སུ། མགར་ཐར་ནི་མི་ཉག་པའི་འདུས་སྡོད་བྱ་ཡུལ་གཙོ་བོ་ཡིན་ཞིང་། ས་གནས་ཀྱི་ཚོ་པའི་འགོ་གཙོས་དབང་སྒྱུར་བྱེད་ཀྱིན་ཡོད། དེ་གར་ཇ་རྟའི་གནའ་ལམ་གྱི་ཡན་ལག་ལམ་ཐིག་ལ་བརྟེན་ནས་ས་ཁོངས་ཀྱི་དངོས་ཟོག་འཁོར་རྒྱུག་དང་རིག་གནས་མཉམ་འདྲེས་ཐུབ་པ་དང་མི་ཉག་གི་སྐད་དང་། གོམས་སྲོལ། མཁར་རྫོང་འཛུགས་སྐྲུན་རིག་གནས་བཅས་དེ་གར་རྒྱུན་མཐུད་ངང་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་ཡོད།

ཡོན་རྒྱལ་རབས་སྐབས་ཁམས་ཀྱི་དམག་དོན་གནད་ཆེའི་གྲོང་ཁྱེར་མགར་ཐར།

དུས་རབས་བཅུ་གཅིག་པའི་དཀྱིལ་ནས་བཅུ་གསུམ་པའི་བར(སྤྱི་ལོ923ལོ་ནས1270ལོའི་བར།)མདོ་ཁམས་སུ་རྒྱལ་ཕྲན་སིལ་བུའི་དུས་སྐབས་ཡིན་པའི་དུས་འདིར། མགར་ཐར་དུ་དཔའ་རྩལ་ཆེན་པོ་ལྡན་པའི་ས་ཡི་སྟོབས་ཤུགས་ཤིག་ཡོད་པའི་རྒྱུ་མཚན་ནི། སེ་ཆེན་རྒྱལ་པོས(ཧུ་པི་ལེ)དམག་དཔུང་ཁྲིད་དེ་མདོ་ཁམས་བརྒྱུད་ནས་ལྷོ་ཕྱོགས་སུ་དྲག་པོའི་དམག་འཐབ་བྱས་པའི་སྐབས། ད་ལྟའི་མགར་ཐར་དུ་མཁར་གྲོང་བརྩིགས་ཏེ་དམག་དོན་འགོག་སྲུང་གི་མཁར་རྫོང་བཏབ།《ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་སེ་ཆེན་རྒྱལ་པོའི་རྣམ་ཐར》གྱི་བམ་པོ9པའི་ཤོག་ངོས001851ཐོག “ཤིང་ཡོས་ལོར། བོད་ཀྱི་མགར་ཐར་གྲོང་ནི་ཉིང་ཡོན་ཧྥུ་རུ་བསྒྱུར”ཞེས་བཀོད་ཡོད་པ་དང་། དེབ་འདིའི་བམ་པོ8པའི་ཤོག་ངོས00154པར། “མཁར་སྒོའི་དམག་དཔུང་མགར་ཐར་གྲོང་དུ་སྤོས”ཞེས་བྲིས་ཡོད། དམག་དཔུང་འདིར་སྤོས་ནས་འགོག་སྲུང་བྱེད་དུ་བཅུག་པ་རེད།

དེ་ནས་བོད་མདོ་དབུས་ཁམས་གསུམ་དུ“ཤོན་ཝུའི་སི་ཏུའུ་ཡོན་ཧྲོའི་ཧྥུ”བཙུགས་པའི་སྐབས། མགར་ཐར་དུ་ཁྲི་སྐོར་གྱི་གཞུང་ཁང་བཙུགས་ཤིང་། དེར་ད་ར་ཁ་ཆེ་གཅིག། ཁྲི་དཔོན་གཅིག། བྱུང་རིམ་པ་གཅིག། རྟོགས་བྱེད་པ་གཅིག། ཡིག་ཚང་གི་དོ་དམ་པ་གཅིག། བཅའ་སྡོད་དཔོན་པོ་གཅིག་བཅས་བཀོད་ཡོད་པ་རྒྱའི་དེབ་ཐེར《元史•百官志三;宣政院条》ལས་གསལ། དེ་དུས་མདོ་ཁམས་ཀྱི་ཤོན་ཝུའི་སི་ཡང་འདིར་བཙུགས་ཡོད།《元史•百官志三•宣政院条》ཞེས་པའི་བམ་པོ87པའི་ལེའུ37པའི་ཤོག་ངོས02198པའི་ཐོག “མདོ་ཁམས་མགར་ཐར་དང་། ལི་ཐང་། མགོ་ཐོན་སོགས་ཀྱི་དངུལ་འབྲུ་ཟས་སྣེ་དོ་དམ་བྱེད་པའི་ཁྲི་སྡེ”ཞེས་འཁོད་ཡོད་པ་དང་། དེའི“མདོ་སྨད”ནི་མདོ་ཁམས་སུ་གོ་དགོས་པ་དང་། “合答”“哈达”ནི་ད་ལྟའི་མགར་ཐར་དང་། “李唐”ནི་ལི་ཐང་། “鱼通”ནི་མགོ་ཐོན་ཡིན། དེ་སྔོན་དམག་འཐབ་ཀྱི་དུས་སྐབས་སུ་དངུལ་འབྲུ་དོ་དམ་བྱེད་པའི་ལས་ཁུངས་འདི་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པས། མདོ་ཁམས་ཀྱི་ཤོན་ཝུའི་སི་དང་། ཁྲི་སྐོར། དངུལ་འབྲུ་དོ་དམ་ཁྲི་སྡེ་བཅས་མགར་ཐར་དུ་བཙུགས་ཏེ་དམག་དཔུང་གིས་སྲུང་སྐྱོང་བྱས་པ་ནི། དུས་དེར་ས་ཁུལ་དེ་ག་ཉིད་སྟོབས་ལྡན་དུ་གནས་ཡོད་པ་དང་། དཔལ་འབྱོར་རིག་གནས་ཀྱི་འགག་རྩར་གནས་ཡོད་པ་ར་སྤྲོད་བྱེད། དེ་ལྟར་ན་དམག་དོན་བརྟན་སྲུང་དང་དབང་ཆའི་མཚོན་རྟགས་སུ་མཁར་རྫོང་ཞིག་ཀྱང་བཞེངས་ཡོད་ངེས། དམག་དོན་སྐོར་གྱི་ཡིག་ཆ《元史•兵志镇我条》ཞེས་པའི་བམ་པོ99པའིལེའུ47པའི་ཤོག་ངོས02593པའི་ཐོག། “1270ལོའི་ཟླ་བ་བཅུ་གཉིས་པར། ཞིས་ཁྲོན་ཝང་ཨན་ཧྥུའུ་དང་དམག་སྤྱི་དབྱང་གིས་བཀོད་འདོམས་བྱེད་པའི་དམག་དཔུང་ཉི་ཁྲི་དམག་དཔུང་དང་མཉམ་འཛོམས་བྱས་ཏེ། ཁྲུའུ་ཧན་དང་ཧྭང་ཝུ་ལ་བཅས་ཀྱི་དམག་དཔུང་དང་མཉམ་དུ་མགར་ཐར་གྲོང་དུ་བཅའ་སྡོད་བྱས།”ཞེས་གསལ། ད་ལྟའི་མགར་ཐར་ས་ཆ་རུ་དུས་དེའི་མཁར་རྫོང་དང་མཁར་གྱང་གི་རྗེས་ཤུལ་ད་དུང་ཡོད། དུས་རབས་བཅུ་གསུམ་པར་སེ་ཆེན་རྒྱལ་པོའི་དམག་དཔུང་གིས་མི་ཉག(西夏)རྒྱལ་ཁབ་བཅོམ་རྗེས། མི་ཉག(西夏)རྒྱལ་རྒྱུད་དང་བློན་འཁོར་དམག་དཔོན་རྣམས་དམག་དཔུང་གཉིས་སུ་གྱེས་ནས་མགར་ཐར་དང་དབུས་གཙང་གཉིས་སུ་བྲོས་པ་རེད། ཇིང་གིར་རྒྱལ་པོས་དམག་དཔུང་ཁྲིད་དེ་འདིར་མཁར་གྲོང་བརྩིགས་པར་དབྱིབས་ལྷམ་མཐིལ་དང་འདྲ་ལ། གཞུང་ལ་རྟ་བདུན་མཉམ་གཤིབ་ཏུ་འགྲོ་ཐུབ་པ། མཐོ་ཚད་བརྒྱ་ཕྲག་ལྡན་པའི་ལྕགས་རི་ཞིག་བསྐྲུན་པ་དེའི་རྗེས་ཤུལ་ད་ལྟའི་བར་དུ་མཇལ་རྒྱུ་ཡོད། ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་མདོ་སྨད་ཀྱི་དངུལ་འབྲུ་དོ་དམ་ཁྲི་སྡེ་ཡང་འདིར་བཙུགས་མྱོང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཡོན་གྱི་རྒྱལ་ས་ཏ་ཏུའུ་རུ་བྱོན་པའི་ལམ་བར་དུ་མགར་ཐར་བརྒྱུད་ནས་ས་སྐྱ་པའི་དགོན་པ་ས་མཁར་དགོན་པ་བཏབ།

ཚལ་པའི་དེབ་དམར་ལ་བརྟགས་ན་མི་ཉག་གའི་ཙུ(གའི་རྩུ་ཡང་བྲིས་པ་སྣང་།)རྒྱལ་པོ་ཡང་ས་འདིའི་མི་ཡིན་པར་མངོན་ཞིང་ས་མིང་སྨོན་བྲད་དང་གཞི་བདག་གའི་ཧུའི་མིང་ད་ལྟ་ཡང་སྒྲ་ཟུར་ཅུང་ཟད་ལོག་ཙམ་ལས་རང་འཇགས་ཡོད་པས་ཆེད་མཁས་པ་མང་པོས་གདེང་འཇོག་བྱེད་བཞིན་ཡོད་ལ་སྐབས་དེ་དུས་བརྩིགས་པའི་མཁར་དང་དང་ལྕགས་རིའི་ཤུལ་ཡོད།

མིང་གི་སྐབས་སུ་ཚོང་འདུས་ཀྱི་ལམ་ཆེན་དང་རྒྱ་ནག་ནས་ཁམས་བྱང་བརྒྱུད་དེ་དབུས་སུ་འགྲོ་བའི་ལམ་འགག་དང་། ཇ་རྟའི་གནའ་ལམ་ཞེས་གྲགས་པ་ཡང་འདི་ཡང་མགར་ཐར་ན་ཡོད་པས་འགྲུལ་ལམ་གཙོ་ཆེན་ཞིག་གཏོད་ཡོད་ལ་དུས་ཕྱིས་གཞུང་ལམ་གསར་པ་མ་བཟོའི་བར་དུ་བཤུལ་ལམ་འདི་ལ་བརྟེན། ཐང་སྟོང་རྒྱལ་པོའི་རྣམ་ཐར་ལྟར་ན་དཀར་མཛེས་ནས་མར་འོང་བའི་ལམ་དུ་མི་ཉག་གྷ་ཞེས་བྱ་བའི་ཚོང་འདུས་ཀྱི་གྲོང་ཁྱེར་ཞིག་དང་མི་ཉག་སྒའི་དགོན་པ་བདེ་ཆེན་བྱ་བ་ཡོད་པ་དང་། དེ་ནས་མར་བརྒྱུད་ན་དར་རྩེ་མདོ་རུ་སླེབས་པར་གསུངས་པས་མི་ཉག་གྷའམ་སྒ། གྷ་ཐག། སྒོ་གདོང་སྒོ་མོ། མགར་ཐར་བཅས་ནི་སྒྲ་གཅིག་ལ་འབྲི་སྲོལ་མི་འདྲ་བ་དང་སྒྲའི་འགྱུར་བ་སོང་བའི་དབང་གིས་འབྲི་སྲོལ་བྱུང་བ་ལས་དོན་དུ་ས་ཆ་གཅིག་གི་མིང་ཡིན་པར་དཔོག་ཐུབ། མི་ཉག་འཇམ་དབྱངས་གྲགས་པའི་རྣམ་ཐར་དང་། གོང་མའི་སྲས་བཅུ་བདུན་པ་ཀོ་ཆིང་ཝང་གི་བོད་བསྐྱོད་ཟིན་བྲིས་སུ་ཡང་མགར་ཐར་ལ་གྲོང་ཁྱེར་ཞིག་ཡོད་པར་བཤད་པས་སྐབས་དེར་ཚོང་འདུས་ཀྱི་ཁྲོམ་ཆེན་ཞིག་ཡོད་པར་ཤེས་ཐུབ།

དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་སོག་པོས་དབུས་ལ་དཔུང་འདྲེན་རྒྱུའི་འཆར་གཞི་དང་། དབུས་སུ་ཕོ་ལྷ་འཁོར་བཅས་སྡེ་གཟར་ལ་ཞུགས་རྐྱེན་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་སྐུ་འཁོར་དང་བཅས་པ་གནས་སྐབས་སྐུ་ཕྱྭར་ཉེན་ཡོལ་དུ་བཞུགས་སའི་གནས་ཤིག་བདམས་པ་ན་ས་འདི་ལ་ཐུགས་མོས་བྱུང་བ་བཞིན། ས་སྤྲེལ་ལོར1728དགོན་པ་གསར་དུ་བཞེངས་པའི་གྲ་སྒྲིག་བྱས་ཏེ། རྒྱ་ནག་གི་ས་དཔྱད་པ་དང་ལས་ཀ་བ། ལྕགས་ལ་ས་དབང་གི་རོགས་དན། བོད་ཀྱི་བླ་དཔོན་རྣམས་ཟུང་འབྲེལ་གྱི་སྒོ་ནས་མཚོ་བསུབ་པའི་ཁར་གཙུག་ལག་ཁང་དང་བླ་བྲང་བསྡོམས་པའི་རྒྱ་ཁྱོན་གཞུ་འདོམ་སུམ་བརྒྱ་ཡོད་པ། གཙུག་ལག་ཁང་སུམ་ཐོག་ངོ་མཚར་ཅན་གསེར་གྱི་རྒྱ་ཕིབས་དང་བཅས་པ་དང་། ཕྱིའི་ལྕགས་རི་དཔང་དུ་གཞུ་འདོམ་དོ། རྒྱ་ལ་གྲུ་བཞི་ས་ཕྱོགས་རེར་གཞུ་འདོམ་ལྔ་བརྒྱ་རེ་དང་། རྒྱལ་སྒོ་རིམ་པ་གསུམ་ཡོད་པའི་སྟེང་དུ་གྱོ་མོ་གཡུ་རྩི་ཅན་གྱི་རྒྱ་ཕིབས་བཅས་ལ་བོད་གཞུང་གིས་མཐུན་རྐྱེན་གང་བཟང་སྦྱར་བ་དང་། གོང་མའི་མཛོད་ཁང་ནས་དངུལ་སྲང་ཁྲི་ཚོ་བཞི་བཅུ་ཞལ་འདེབས་གནང་། འདུ་ཁང་ཆེན་མོ་ལྷ་སའི་ཁྱམས་རའི་ཆེ་ཆུང་ཡོད་ཅིང་། ལྷ་འདྲེའི་ལྷོང་རྟགས་དུ་མ་བྱུང་སྟེ་བཞེངས་དཀའ་ཙམ་བྱུང་ཡང་དཀར་ཕྱོགས་ཀྱི་གཞི་བདག་རྣམས་ཀྱིས་གྲོགས་མཛད་དེ་རིམ་གྱིས་འགྲུབ། རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ལོ1730ཟླ་བ་དང་པོའི་ཚེས་བཅུ་གསུམ་ལ་རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་གཙོ་བོར་བྱས་པའི་གདན་ས་གསུམ་དང་རྭ་བ་སྟོད་པ། རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་བཞི་བཅུ་ལྷག། མངའ་རིས་དང་དྭགས་པོ་གྲྭ་ཚང་། རྒྱུད་སྟོད་སྨད་ཀྱི་མཚན་ཞབས་པ་མང་པོ་དང་། གཞུང་ས་དགའ་ལྡན་ཕོ་བྲང་གི་སྐུ་ངོ་དུ་མ་དང་། གསོལ་གཟིམ་མཆོད་གསུམ་སོགས་ལི་ཐང་ཐུབ་ཆེན་ཆོས་འཁོར་གླིང་ནས་མགར་ཐར་ཕྱོགས་སུ་ཕེབས་རྒྱུའི་སྐར་འཛིན་གནང་། སྐུ་རིམ་སྒྲུབ་པ་སོགས་ཀྱི་ཆེད་དུ་རྒྱུད་སྨད་མཁན་པོ་རྡོ་རྗེ་འཆང་ངག་དབང་མཆོག་ལྡན་དང་། རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་ཉི་ཤུ་སྔོན་ལ་མགར་ཐར་དུ་ཕེབས། ཚེས་ཉེར་གཅིག་ཉིན་ལི་ཐང་ནས་མགར་ཐར་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་རིམ་གྱིས་ཕེབས་སྐབས་དར་མདོའི་མཁན་པོ་དང་། ལྕགས་ལ། ཀ་བཞི་ཆགས་པ།འགི་བ་ཁ་བྱམས་པ་གླིང་པ། སྐྱིད་ལེགས་དགའ་ལྡན་ཆོས་གླིང་དགོན་པ་བཅས་ཀྱིས་ཕེབས་བསུ་བྱས། རིམ་གྱིས་སྤ་ལྷ་སྒང་དུ་ཕེབས་ཏེ་ཇོ་བོར་སྙན་ཤལ་ཕུལ། ཧོར་ཟླ་གཉིས་པའི་ཚེས་གསུམ་གྱི་ཉིན་བཀྲ་ཤིས་པའི་རྟགས་མཚན་དུ་མ་དང་བཅས་ཏེ་མགར་ཐར་ཡོངས་ལ་སྦྱིན་པ་གཏོང་བའི་གཙུག་ལག་ཁང་གི་ཡང་ཐོག་ཏུ་ཕེབས། ཡུང་ཊིང་གོང་མའི་མི་དྲག་རྣམས་ཀྱིས་བསུ་བ་དང་སྟོན་མོ་རྒྱ་ཆེར་བྱས་ཤིང་དངུལ་དང་གོས་དར་སོགས་ཀྱི་འབུལ་བ་རྒྱ་ཆེན་བཏེགས། ཟླ་གསུམ་པར་སྐུ་གསུང་ཐུགས་རྟེན་ལ་རབ་གནས་དང་དགོན་པ་ལེགས་གྲུབ་བྱུང་བའི་དགའ་སྟོན་མཛད།ཐོག་མར་གྲྭ་ཚང་གཉིས་ཡོད་པ་དགེ་བཤེས་གྲྭ་ཚང་དང་། རྣམ་རྒྱལ་གྲྭ་ཚང་གཉིས་ཡིན། ཁམས་ཚན་བརྒྱད་རེ་ཡོད་པ་རྒྱལ་བའི་དགོན་གཞིས་ཀུན་གྱི་སྲོལ་ཡིན། རྒྱལ་བ་བསྐལ་བཟང་རྒྱ་མཚོ་འདུ་ཁང་གི་སྟེང་དུ་བཞུགས་པ་ལ་རྗེས་ནས་འདུ་ཁང་ཐག་ཉེ་བའི་སར་ཕོ་བྲང་གསར་བཞེངས་གནང་ཞིང་དེ་ལ་བསྐལ་བཟང་ཕོ་བྲང་ཞེས་མཚན་ཐོགས། གཞན་ཡང་མགར་ཐར་དགོན་པའི་འདུ་ཁང་གི་སྒོའི་ཡ་ཐེམ་སྟེང་དུ་སེང་གེ་དགུ་ཡོད་པ་ནི་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་མཚོན་བྱེད་དང་། གཞོགས་གཉིས་སུ་འབྲུག་དགུའི་རི་མོ་ཡོད་པ་ནི་གོང་མ་ཆེན་པོའི་མཚོན་བྱེད་དེ་མཆོད་ཡོན་གཉིས་མཚོན་པ་ཡིན། སྤྱིར་རྒྱལ་བའི་གཞིས་དགོན་ཁག་དང་། སྔར་བོད་ཀྱི་རྒྱལ་པོ་སོ་སོས་བཞེངས་པ་དང་། དགོན་དེའི་ནང་ནས་དགའ་ལྡན་གསེར་ཁྲིར་ཕེབས་མྱོང་བའི་དགོན་པ་རྣམས་ཀྱི་སྒོ་ཡི་སྟེང་དུ་སེང་གེ་དགུ་རེ་འཇོག་སྲོལ་ཡོད་པ་ལས། དགོན་པ་ཐམས་ཅད་ལ་ཡོད་པ་ཞིག་མིན། ཕྱིའི་རྒྱལ་སྒོ་བར་མའི་གཞོགས་གཉིས་སུ་རྡོ་རིང་དྲུག་ཡོད་ཅིང་། དེ་དག་གི་སྟེང་དུ་འཁོད་པའི་ཡི་གེ་རྒྱ་ཡིག་དང་མན་ཇུའི་ཡི་གེ་སྟེ། དེ་ཡང་རྒྱལ་བ་བསྐལ་བཟང་གི་དགོན་པ་འདི་འདེབས་སྐབས་སུ། མན་ཆིང་གོང་མ་ཁང་ཤིས་དང་། ཡུང་ཏྲེན་སོགས་ཀྱིས་བཙུགས་པའི་རྡོ་རིང་ཡིན། རྡོ་རིང་དེ་དག་རིག་གནས་གསར་བརྗེའི་སྐབས་དགོན་པར་དམག་ཁང་བྱས་ཏེ་དམག་མི་སྡོད་སྐབས་ཆབ་ཁང་གི་གདན་དུ་བཏིང་། ཕྱིས་དགོན་པ་སླར་བསྐྱར་གསོ་བྱེད་སྐབས་སུ་བཙལ་ནས་ལྔ་རྙེད་ཅིང་གཅིག་བོར་བརླགས་སུ་སོང་། རྒྱལ་བ་བསྐལ་བཟང་རྒྱ་མཚོས་གསན་བསམ་རྒྱ་ཆེན་མཛད་དེ་རྟོགས་པ་བརྙེས་ས་དང་གསུང་རྩོམ་མང་པོ་མཛད་ས་ཡང་འདི་ན་ཡིན། སྐབས་དེར་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་ཆིང་གོང་མའི་ལྷ་སྲས་བཅུ་བདུན་པ་ཀོ་ཆིང་ཝང་གཉིས་འདིར་གོང་ས་མཆོག་མཇལ་བར་ཕེབས་ཤིང་འབུལ་བ་རྒྱ་ཆེན་བཏེགས་ཏེ་རྒྱུད་སྨིན་པར་བྱེད་པའི་ཆོས་མང་པོ་ཞུས། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཅིང་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཆག་མེད་དུ་ཁ་བཏོན་བྱེད་རབས་ཡོད། ལོ་དེའི་ལོ་སར་ལ་མཆོད་ཡོན་དགྱེས་འཛོམས་ཐོག་རྟེན་འབྲེལ་ངང་གིས་འགྲིག་པའི་གླུ་གར་གྱི་མཆོད་པ་ཕུལ།གོང་མའི་སྲས་ཕྱིར་ལོག་སྐབས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཕྱག་གཡས་པའི་མཐིལ་དུ་ཨ་ཡིག་རང་བྱོན་ཡོད་པར་མཇལ་ཞིང་དད་པ་ལྷག་ཏུ་འཕེལ་བར་བཤད། སྐབས་དེའི་མཐོང་ཐོས་བཀོད་པའི་ཟིན་བྲིས七笔句བཏབ། མགར་ཐར་དགོན་པའི་སྒོ་བྱང་རྙིང་པ་ཞིག་ཏུ། བོད་བློན་མགར་བཙན་རྒྱ་ལས་ཐར་བའི་ས།། མཆོད་ཡོན་གསེར་ཞལ་མཇལ་ཚེ་ལེགས་བཏབ་པ།། ཡོངས་ལ་སྦྱིན་པ་ཀུན་ཏུ་སྩལ་བ་ཡི།། ལྷ་ཁང་འདིའི་མཚན་གནམ་བསྐོས་ཡུང་ཏྲིས་མཛད།། ཅེས་ལོ་རྒྱུས་ཀྱི་ནང་དོན་མཚོན་པའི་ཚིགས་བཅད་གཅིག་ཡོད་དོ།། གཞན་མན་ཆིང་དང་རྒྱ། ཁལ་ཁ་སོགས་སོག་པོའི་མི་སྣ་དུ་མ་མཇལ་བཅར་དང་བཀའ་སློབ་ལམ་སྟོན་ཞུས་པ་དང་། ཕྱོགས་ངེས་མེད་ཡོང་བའི་མཇལ་མཁན་དང་མདོ་སྨད་ཕྱོགས་ཀྱི་དགོན་པ་དང་ཡུལ་སྡེའི་འགོ་པ་མང་པོས་རྟེན་གསུམ་དང་འབུལ་བ་སྤམ་ཆེ་བཏེགས་ཏེ་འདི་ཕྱི་ཀུན་ཏུ་དགེ་བའི་སྐྱབས་འཇུག་ལམ་སྟོན་ཞུས་པ་བཞིན་དེ་དག་ལ་དབང་ལུང་མན་ངག་གིས་མཚོན་པའི་བཀའ་སློབ་ཟབ་རྒྱས་ཆོས་ཀྱིས་ཚིམ་པར་མཛད། དགོན་པ་ཁག་ལ་བཅའ་ཡིག་གནང་བ་དང་དཔོན་རིགས་བསྐོ་བཞག་སོགས་ཀྱི་མཛད་པ་རྒྱ་ཆེན་གནང་། མི་ཉག་སྟོད་སྨད་བར་གསུམ་ནས་རྒྱུད་སྟོད་སྨད་ལ་བཞུགས་མྱོང་བའི་གྲྭ་པ་ལྔ་བཅུ་ལྷག་མགར་ཐར་དགོན་དུ་རྒྱུན་ཞུགས་དགོས་པར་བཀའ་ཕབས་ཤིང་དགོན་པའི་གྲྭ་པ་རྣམས་ལ་བོད་གཞུང་གིས་འབྲུ་ཕོགས་དང་ཆིང་སྲིད་གཞུང་གིས་གསོལ་ཕོགས་ནར་འབུལ་མཛད་རྒྱུ་དང་དངུལ་སྲང་སྟོང་ཕྲག་གཅིག་གནང་། སྔ་ཕྱི་ཐམས་ཅད་ལ་དངུལ་ཁྲི་ཕྲག་བཅུ་དྲུག་ལྷག་འབུལ་བས་གོང་མའི་མཛོད་ནས་དངུལ་མང་དུ་བཏང་མྱོང་བའི་དགོན་པ་དེ་ཡིན་ནོ། །

ཞི་ཁམས་ཞིང་ཆེན་གྱི་ཀྲུའུ་ཞི་ལིའུ་ཝེན་ཧུའེ་ཡིས་མགར་ཐར་སྡེ་དགོན་གཉིས་ལ་མཐོང་ཆེན་རྒྱབ་སྐྱོར་དང་ལྷག་ཏུ་མགར་ཐར་དགོན་པའི་སྤྲུལ་སྐུ་ཀེའུ་ཚང་ཐུབ་བསྟན་དཔལ་ལྡན་མཆོག་དབུ་བླ་རུ་བསྟེན་ཏེ་ཁོང་མ་བུ་གཉིས་ཀྱིས་བཀུར་སྟི་ཆེན་པོ་བྱེད་ལ། མགར་ཐར་དགོན་པའི་སྐུ་ཚབ་དར་མདོར་ཚོགས་འདུ་ལ་ཕེབས་དུས་གཡག་རྭ་ལྟག་སྒོ་ནས་མེ་སྒྱོགས་གཅིག་འཕེན་དགོས་པ་དང་། ཚོགས་རའི་རྐུབ་བཀྱག་གཞན་ལས་ཅུང་ཟད་མཐོ་བ་དང་གོས་ཆེན་སེར་པོས་གཡོག་པའི་སྲོལ་འདུག་ཅེས་དར་མདོའི་ལྷ་མོ་རྩེ་དགོན་པའི་མཆོག་སྤྲུལ་དར་རྒྱས་ཀྱིས་དངོས་སུ་མཐོང་མྱོང་ཚུལ་གསུངས། མགར་ཐར་གྱི་ས་ཁྱོན་ལ་ཆིང་སྲིད་གཞུང་གིས་གཏན་འབེབས་དང་། ཞི་ཁམས་ཞིང་ཆེན་གྱིས་གཏན་འབེབས་ལྟར་ན། ཤར་དུ་ཤར་གྲོང་གི་ཆུ་རྔ་དང་མགར་ཆུ་བསྡོངས་མཚམས་ཚུན་ཆད། ལྷོ་རུ་དཔལ་སྨད་ཡོངས། ལྷོ་ནུབ་ཏུ་འདྲ་པ། ནུབ་ཏུ་འཁོར་ཆའམ་མི་རྒྱུ་ནགས་ཚལ་མན་ཆད། བྱང་དུ་མགར་ཐར་ཆུ་མགོའི་རི་རྒྱུད་ཤར་གྲོང་དང་ཐུག་མཚམས་བཅས་ཡོད། དེ་དག་གི་རི་ཆུ་གཏེར་ཁ་ནགས་ཚལ་རྩི་ཤིང་སོགས་སྲུང་སྐྱོབ་ནན་པོ་བྱས་ཏེ་ད་བར་དུ་ལྗང་མདོག་གི་འཁོར་ཡུག་སྣུམ་པོ་ཕྱི་རབས་པའི་མདུན་དུ་བཤམས་པ་ནི་སྐྱེ་ཁམས་ཁོར་ཡུག་སྔོ་ལྗང་ཅན་དུ་བསྒྱུར་བའི་སྲིད་ཇུས་དང་ཡོངས་སུ་མཐུན་པར་གྱུར།།

རྒྱང་སྐྱོད་ལམ་གྱི་མི་རིགས་མཐུན་སྒྲིལ་གྱི་རྡོ་རིང་སྟེ་མགར་ཐར།

དམར་དམག་ཐེངས་གཉིས་ལ་མགར་ཐར་དུ་བཅའ་སྡོད་བྱས་ནས་གསར་བརྗེའི་བྱེད་སྒོ་སྤེལ་མྱོང་། 1935ལོའི་ཟླ་བ9པར་དམར་དམག་བཞི་བརྒྱ་ལྔ་བརྒྱ་ཙམ་རོང་བྲག་འབྲུ་སྨིན་གྲོང་ཚོ་ནས་མགར་ཐར་དུ་བཅའ་སྡོད་བྱས་ཏེ་མགར་ཐར་དགོན་དུ་ཉིན་གཉིས་བཅའ་སྡོད་བྱས་རྗེས་རོང་བྲག་ཏུ་ཕྱིར་ལོག། 1936ལོའི་ལུགས་རྙིང་ལོའི་ཟླ་བ་དང་པོའི་ཚེས་བཅུ་གསུམ(སྤྱི་ཟླ3པའི་ཟླ་འགོ)ལ་དམར་དམག་དཔུང་ཕྱོགས་བཞི་པའི་དམག་མི་ཁྲི་གསུམ་ཙམ་མགར་ཐར་དང་འདྲ་པ་རུ་བཅའ་སྡོད་བྱས་ཏེ་དར་མདོ་དང་རྟའུ། བྲག་མགོའི་གཡུལ་འགྱེད་ཀྱི་འཆར་གཞི་ལ་སྐུལ་འདེད་བྱས། དེའི་ནང་ཅུན་པུའུ་དང་། ཆབ་སྲིད་པུའུ། དམག་དཔུང་སྨན་ཁང་སོགས་ལྟེ་བའི་ལས་ཁུངས་ཀྱི་མི་ཁྲི་ལྷག་ཙམ་མགར་ཐར་དགོན་དུ་བཅའ་སྡོད་བྱས་པ་དང་། དེ་བྱིངས་ཀྱི་དམག་ཤུགས་ཡུལ་གྲོང་ཁག་ཏུ་བཅའ་སྡོད་བྱས། མགར་ཐར་གྱི་ས་ཁོངས་མང་ཆེ་བར་དམག་དཔུང་ཟླ་བ་ལྔ་ཙམ་བཅའ་སྡོད་བྱེད་རིང་དམར་དམག་གིས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ནན་པོ་བྱས་པ་དང་། གྲོང་ཚོ་དང་དུད་ཚང་དུ་ཕྱིན་ནས་གསར་བརྗེའི་དམིགས་ཡུལ་དྲིལ་བསྒྲགས་བྱས་པར་མ་ཟད་གོ་མིན་ཏང་དང་ལོག་སྤྱོད་འགོ་པས་དམར་དམག་ལ་ནག་འབྱིན་བཏང་བའི་དཀྲོག་གཏམ་ཐེར་འདོན་བྱས། མང་ཚོགས་ཚོགས་ཆེན་འཚོགས་ནས་མང་ཚོགས་ཀྱི་གྲལ་རིམ་གོ་རྟོགས་སད་དུ་བཅུག་པ་དང་། ས་གནས་དེ་གའི་ཆོས་ལུགས་གོམས་སྲོལ་ལ་བརྩི་འཇོག་བྱས། མགར་ཐར་དགོན་པའི་གཞིས་ལུས་བླ་གྲྭ་བཀོད་སྒྲིག་འོས་མཚམས་བྱས་པ་དང་། ཁོང་ཚོའི་རྒྱུན་ལྡན་གྱི་ཆོས་དོན་འགན་ལེན་བྱས་པར་མ་ཟད། དཔྱིད་རྨོའི་དུས་སུ་རིན་དོད་མི་དགོས་པར་ས་བོན་སྤྲད་དེ་མང་ཚོགས་ཀྱི་ཐོན་སྐྱེད་ལ་རོགས་རམ་དང་མི་དམངས་ཀྱི་དཀའ་ངལ་སེལ་དུ་འཇུག། དུས་མཚུངས་སུ་དམར་དམག་གིས་མགར་ཐར་དུ་རིམ་པ་སོ་སོའི་བོད་པ་སྲིད་གཞུང་བཙུགས་ནས་མགར་ཐར་རང་ཚུགས་དམག་བཙུགས། རང་ཚུགས་དམག་གི་དང་ཐོག་གི་མི་གྲངས་སུམ་ཅུ་ལྷག་ཙམ་ནས་མི་གྲངས་ལྔ་བཅུ་ལྷག་ཙམ་བར་འཕར་སྣོན་བྱུང་ཞིང་། གཙོ་བོ་གསར་བརྗེའི་སྲིད་དབང་སྲུང་སྐྱོབ་དང་། བྱ་ར་བྱེད་པ། འབྲུ་རིགས་དང་རྩྭ་རིགས་སྐྱེལ་འདྲེན་སོགས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་གི་ལས་འགན་ཁུར་བས་ས་གནས་དེ་གའི་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ་རང་མོས་ཀྱིས་འབྲུ་རིགས་དང་དངོས་རྫས་ཕུལ་ཞིང་། ས་བདག་དང་དགོན་པས་ས་དོང་དུ་ཉར་བའི་འབྲུ་རིགས་བཏོན་ནས་དམར་དམག་ལ་རོགས་སྐྱོར་བྱས། དམར་དམག་གིས་དབུལ་ཕོངས་མི་སེར་ལ་འབྲུ་རིགས་དང་དངོས་ཟོག་ཚང་མར་རིན་མཉམ་ཁ་གསབ་སྤྲད། མི་རིགས་ཁག་གི་མང་ཚོགས་ཧུར་ཐག་གིས་གསར་བརྗེའི་ནང་ཞུགས་པ་དང་། མི་མང་པོ་ཞིག་གིས་རང་འགུལ་ངང་ལོ་ཙཱ་བ་དང་སྣེ་ཤན་པའི་འགན་འཁུར་བར་མ་ཟད། ད་དུང་དམར་དམག་ལ་ཡོས་འཐག་པ་དང་། གོས་འཚེམས་པ། དངོས་ཟོག་བཟོ་སྣོན་བཅས་བྱས་ཏེ་ཤུགས་ཡོད་རྒུ་བཏོན། 1936ལོའི་ཟླ་བ6པར། དམར་དམག་གིས་ངལ་གསོ་དག་ཐེར་དང་དམར་དམག་རྒྱ་བསྐྱེད། དངོས་རྫས་གྲ་སྒྲིག་བྱ་བ་ལེགས་འགྲུབ་བྱུང་རྗེས། གོ་རིམ་ལྡན་པའི་སྒོ་ནས་མགར་ཐར་ནས་ཕྱིར་འཐེན་བྱས་ཏེ། བྱང་ཕྱོགས་སུ་བསྐྱོད་ཏེ་འཇར་འགོག་བྱེད་པའི་དཀའ་ཚེགས་ཆེ་བའི་རྒྱང་སྐྱོད་ལམ་བུར་བསྐྱོད།

ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་མགར་ཐར།

ཀྲུང་དབྱང་འཚམས་འདྲི་ཚོགས་པ་མགར་ཐར་དུ་འབྱོར་བ།

སྤྱི་ལོ1956ལོར་ཏང་ཀྲུང་དབྱང་གིས་བཀས་མངགས་ལྟར། ཝང་ཏེན་ཀྲུའུ་ཡིས་ཚོགས་གཙོ་དང་། སངས་རྒྱས་ཡེ་ཤེས་ཀྱིས་ཚོགས་གཞོན་བྱས་ཏེ་ཀྲུང་དབྱང་འཚམས་འདྲི་ཚོགས་པ་དཀར་མཛེས་ཁུལ་དུ་སླེབས། སྤྱི་ཟླ12པའི་ཚེས2ཉིན་སྡེ་དགེའི་བྱ་རྒོད་སྟོབས་ལྡན་གྱིས་ཡན་ལག་རུ་ཁག་གི་སྣེ་ཁྲིད་པའི་འཚམས་འདྲི་ཚོགས་ཆུང་མགར་ཐར་དུ་འབྱོར། ས་གནས་ཀྱི་ལས་རིགས་ཁག་གི་མི་སྣ་རྣམས་ཀྱིས་བསུ་བ་སྣེ་ལེན་གཟབ་རྒྱས་བྱས། ཁོང་ཚོས་མི་དམངས་དང་དགོན་པ། དམག་སྡེ། ལས་ཁུངས་སོ་སོའི་ལས་བྱེད་པ་རྣམས་ལ་ཏང་ཀྲུང་དབྱང་གི་དགོངས་དོན་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་གནང་ཞིང་སེར་སྐྱ་ཀུན་གྱིས་སྙིང་དབུས་སུ་བཅངས། གཟེངས་དར་ཆ་གཅིག་གནང་། དེ་དང་མཚུངས་པར། སྐུ་ཞབས་ཀེའུ་ཚང་དང་སྐུ་བཅར་མཆོག་སྤྲུལ་རིན་པོ་ཆེ་སོགས་ཀྱིས་ཀྱང་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་གང་མང་འབུལ་མྱོང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ་ཡང་མགར་ཐར་དགོན་པའི་སྤྲུལ་སྐུའི་ཁོངས་སུ་ཡོད་པ་རྒྱལ་ཁམས་པ་ཆོས་ཀྱི་རྒྱ་མཚོ་དང་། སྐུ་ཞབས་འཇིགས་མེད། སྐུ་ཞབས་ནོར་བུ་དོན་འགྲུབ། སྐུ་ཞབས་བཀྲ་ཤིས་མགོན་པོ། སྐུ་བཅར་ཡོན་ཏན་རྒྱ་མཚོ། མཆོག་སྤྲུལ་བསོད་ནམས་རྒྱ་མཚོ་སོགས་ཀྱིས་ཀྱང་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་དོན་བཟང་པོ་བསྒྲུབས་དང་སྒྲུབ་བཞིན་མཆིས།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། རྒྱལ་ཁབ་ཀྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གནང་། སྤྱི་ལོ1982ལོར་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་མགར་ཐར་དགོན་དངོས་སུ་ཕྱི་ཕྱོགས་སུ་སྒོ་འབྱེད་པ་དང་རྒྱལ་ཁབ་ཀྱིས་ཆེད་དོན་མ་དངུལ་བཏང་ནས་ཉམས་གསོ་སྲུང་སྐྱོང་ལས་ཀ་སྤེལ། དགོན་པས་དོ་དམ་ཚོགས་པའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁྲིམས་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་ཚད་ལྡན་ངང་སྤེལ་བ་དང་། བླ་གྲྭ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། སྤྱི་ཚོགས་སྤྱི་ཕན། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བཅས་ཀྱི་བྱ་གཞག་ནང་ཧུར་ཐག་གིས་ཞུགས་པས་འབྲེལ་ཡོད་སྡེ་ཁག་གིས་མཚན་སྙན་མཚོན་བྱེད་ཀྱི་གཟི་བརྗིད་དཔང་ཡིག། ཆེད་བསྟོད་གཟེངས་རྟགས་དང་གསོལ་རས་མང་པོ་གནང་།

གོང་དུ་སྨྲོས་པའི་ལོ་རྒྱུས་དེ་དག་གི་ནང་དོན་ཕྱོགས་བསྡོམས་ཞུས་ན། མགར་ཐར་ནི་རྒྱ་བོད་མི་རིགས་བར་གྱི་མཐུན་སྒྲིལ་གསེར་ཟམ་འཛུགས་ས་དང་། རིག་གནས་དང་ཚོང་ལས་བརྗེ་རེས་དར་སྤེལ་གཏོང་སའི་ཁོར་ཡུག་ཡིན་པར་ཤེས་ལ། ལོ་ངོ་སྟོང་ཕྲག་གི་རིང་ལ་དཀའ་ངལ་གདོང་ལེན་གྱིས་རང་རྒྱལ་གྱི་རིག་གནས་དང་ཚོང་ལས་དར་སྤེལ་གྱི་ཐད་ལ་སྐུལ་འདེད་དང་ཤུགས་བརྒྱབ་ཅིང་། ས་གནས་འདིར་གེ་སར་ལྷ་ཁང་དང་ས་བདག་ལྷ་ཁང་། ཁྲང་ཤིས་ཟློས་གར་ཤིང་རྐང་། འབྲུག་དང་སེང་གེ། ཟླ་མཆོད་དུས་ཆེན། ལྒང་ཞུ་སོགས་རྒྱུན་འཛིན་ཉམས་གསོ་བྱས་པ་ལས་དཔག་ཐུབ། དེའི་ཕྱིར་སྔོན་ནས་མི་རིགས་མང་པོ་ཞི་མཐུན་མཉམ་གནས་ཀྱི་ས་གནས་བཟང་པོ་ཞིག་དང་ཚོང་ལས་འཁྲུག་ཆ་དོད་པོ་ཡོད་པར་ཤེས་ཤིང་རྗེས་ཤུལ་ཡང་མཐོང་ལམ་དུ་ཡོད།།

༼ གསར་འགོད་པ།འཇིགས་མེད་བསམ་གྲུབ་དང་ཨོ་རྒྱན་དོན་གྲུབ།༽