སྤྱི་ཟླ9པའི་ཚེས7ནས8ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ལས་སྒྲུབ་ཚོ་ཆུང་གི་སྣེ་ཁྲིད་དེ་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། དུང་དཀར་ལུང་པ་སོགས་སུ་ཕེབས་ཏེ་ལས་ཡུལ་དངོས་སུ་ལས་གཞིར་སྐུལ་འདེད་གཏོང་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཡུལ་དངོས་སུ་དཀའ་གནད་དང་འགག་གནད་མཐུན་སྦྱོར་ཐག་གཅོད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ལས་གཞི་གཙོ་བོར་བྱེད་པ་དང་དངོས་སྒྲུབ་གཙོ་གནད་ཡིན་པའི་འདུ་ཤེས་བརྟན་པོར་འཆང་ཞིང་། དམིགས་འབེན་ལས་འགན་དམ་པོར་འཛིན་པ་དང་། གྲུབ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་པ། འཛུགས་སྐྲུན་གྱི་ཚད་གཞི་ནན་པོར་འཛིན་པ། ཤུགས་ཡོད་རྒུས་གཙོ་གནད་ལས་གཞི་དང་གཙོ་གནད་ཐོན་ལས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་སྤུས་ཚད་མཐོར་འདེགས་པ། ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་འདོན་ནུས་གསོག་བྱ་དགོས་ཞེས་ནན་གསུང་གནང་།
ཀྲའོ་པོ་སྔ་རྗེས་སུ་ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་གྱི་ཚ་ལུ་མ་ཐོན་ཁུལ་དང་དུང་དཀར་ཁུག་རྟ་ལུང་པའི་གྲོང་རྡལ་གྱི་འབྲི་ཏ་ས་འཛིན་སྔོན་པོའི་རྟེན་གཞིར་ཕེབས་ནས་ཚ་ལུ་མ་དང་འབྲི་ཏ་ས་འཛིན་འདེབས་འཛུགས་གཞི་ཁྱོན་དང་། ས་བོན་བདག་སྐྱོང་། ཚད་ལྡན་ཅན་གྱི་འདེབས་འཛུགས། ཐོན་ཚོང་གཉེར་སྐྱོང་། དེ་བཞིན་ཞིང་འབྲེལ་ཞིང་ཁྲིད་ཡོང་འབབ་འཕར་སྣོན་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་བླངས་པ་རེད། ཁོང་གིས་ནན་གསུང་གནང་དོན། སྐྱེ་ཁམས་སྔོན་སྤེལ་དང་སྦག་མེད་འཕེལ་རྒྱས་མཐའ་འཁྱོངས་ཏེ་སྲོལ་རྒྱུན་རགས་ལས་རྣམ་པ་མཐའ་གཅིག་ཏུ་དོར་ནས་ཚད་ལྡན་ཅན་དང་ཚད་གཞི་ཅན། ཞིབ་ཚགས་ཅན་བཅས་ཀྱི་འདེབས་འཛུགས་དོ་དམ་ལ་བརྩོན་ཏེ། ཚན་རྩལ་རོགས་རམ་དང་དང་སྤུས་རྟགས་འཛུགས་སྐྱོང་ལ་བརྟེན་ནས་རིན་ཐང་འཕར་བའི་མི་མངོན་པའི་སྟོབས་ཤུགས་སྔོག་པ་དང་། ཐོན་ལས་འབྲེལ་ཐག་སྔར་བས་སྣུར་སྲིང་། ཞིང་ལས་ཐོན་རྫས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་མགྱོགས་མྱུར་བསྒྱུར་དགོས།( པར་ངོས་གཉིས་པར་གཟིགས།)
