国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྱེ་འགྱུར་རྩྭ་ཐང་ལྗང་མདོག་རྩྭ་ཐང་ལ་བསྒྱུར།

གསེར་རྟ་རྫོང་གི་མུའུ་ཁྲི3.3གྱི་ཉམས་ཞན་རྩྭ་ཐང་ལ་གསོན་ཤུགས་གསར་པ་རྒྱས།

14694_02B_20260904ལས་དོན་མི་སྣ་དང་གྲོང་པའི་མགོ་ཁྲིད་ཡུལ་དངོས་སུ་ཕྱིན་ནས་སྤེལ་རེས་བྱེད་བཞིན་པ།

རྩྭ་ཐང་བྱེ་འགྱུར་དང་། ས་རྒྱུ་མཁྲེགས་པ། ཨབ་ར་དང་རི་བོང་གི་གནོད་པ་སོགས་མངོན་གསལ་དོད་པའི་སྐྱེ་ཁམས་གནད་དོན་ལ་དམིགས་ཏེ། གསེར་རྟ་རྫོང་གིས་སྐྱེ་ཁམས་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། དུས་ཡུན་ལོ་དྲུག་གི་རིང་ལ་སྨན་རྩྭ་དང་ཕྱུགས་རྩྭ་བརྗེ་རེས་གསོ་འདེབས་ཀྱི་བྱེད་སྟངས་བརྟེན་ནས་སྐྱེ་ཁམས་བཅོས་སྐྱོང་ལེགས་པོ་བྱས་པར་བརྒྱུད་རྫོང་ཡོངས་ཀྱི་ཉམས་ཞན་རྩྭ་ཐང་མུའུ་ཁྲི3.3ལ་ལྗང་མདོག་གི་གོས་བཟང་བཀླུབས་པས་སྐྱེ་ཁམས་སླར་གསོ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་ཕྱོགས་གཉིས་ནས་ཕན་ཆེན་པོ་ཐོགས་པར་མ་ཟད། མཐོ་སྒང་གི་རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་དང་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཡོང་འབབ་འཕར་བའི་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་རྙེད་པ་རེད།

དེ་སྔོན། གསེར་རྟ་རྫོང་ལ་མཚོན་ན་ཚད་ངེས་བཅས་ཀྱི་རྩྭ་ཐང་ཞན་འགྱུར་ཚབས་ཆེན་ཡིན་པ་དང་། སྲོལ་རྒྱུན་གྱི་ཕྱུགས་རྩྭ་རྐྱང་པ་འདེབས་འཛུགས་བྱེད་སྟངས་ཐད་མ་གནས་མཐོ་ལ་ཕན་འབྲས་ཆུང་བ་སོགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་གནད་དོན་སེལ་བའི་ཆེད། 2020ནས2023ལོ་བར། གསེར་རྟ་རྫོང་གིས་ཚོང་འགུགས་མ་འདྲེན་བརྒྱུད་དེ་ཆེད་ལས་ཁེ་ལས་ནང་འདྲེན་བྱས་ནས་ཁེས་སྐོར་ཡུལ་ཤོག་དང་སྙི་སྟོད་གྲོང་རྡལ་སོགས་ཀྱི་ཉམས་ཞན་རྩྭ་ཐང་མུའུ་ཁྲི3.3འཁོར་རྒྱུག་བྱས་ནས་སྐྱེ་ཁམས་འདེབས་འཛུགས་བྱེད་སྟངས་གསར་གཏོད་ཁྱབ་གདལ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ས་མུའུ6000བེད་སྤྱད་དེ་ལྕུམ་ཆེན་དང་ས་མུའུ་ཁྲི2.7བེད་སྤྱད་དེ་ཐང་ཕྲོམ་ནག་པོ་བཏབ་པ་དང་། དུས་མཉམ་དུ་ས་ངོས་སུ་ལྡུམ་བུ་དང་རམ་རྩྭ་སོགས་ས་གནས་ཀྱི་གཟན་རྩྭ་མཉམ་བསྲེས་བྱས་ནས་བཏབ་པ་རེད།

དམིགས་བསལ་གྱི་སྨན་རྩྭ་དང་གཟན་རྩྭ་བསྲེས་འདེབས་བྱེད་སྟངས་བརྒྱུད་དེ་སྐྱེ་ཁམས་བཅོས་སྐྱོང་ལ་ཕན་འབྲས་ཆེན་པོ་ཐོབ། སྐྱེས་གཟུགས་མཐོ་བའི་སྨན་རྩྭས་ཨབ་ར་དང་རི་བོང་གི་མཐོང་ལམ་བཀག་པས་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་ཇེ་ཉུང་དུ་བཏང་བ་དང་། རྩ་ལག་སྲ་མོའི་སྨན་རྩྭས་ས་ཆུ་མི་ཤོར་བ་དང་གཟན་རྩྭ་མཉམ་དུ་བསྲེས་ནས་བཏབ་ནས་ས་སྲ་སྔོ་སྲུང་ལེགས་པོ་བྱུང་སྟེ་རྩྭ་ཐང་སྐྱེ་ཁམས་སླར་གསོ་ཐད་ཕན་འབྲས་མངོན་གསལ་ཐོབ་ཡོད། གསེར་རྟ་རྫོང་གིས་ལོ་དྲུག་རིང་ལ་རྩྭ་ཐང་བཅོས་སྐྱོང་བྱས་པར་བརྒྱུད་དེ་ཉམས་ཞན་དུ་གྱུར་པའི་རྩྭ་ཐང་གི་སྔོ་ཁེབས་ཚད་བརྒྱ་ཆ85མཐོ་རུ་ཕྱིན་པ་དང་། ཨབ་ར་དང་རི་བོང་གི་གནོད་འཚེ་བརྒྱ་ཆ70ནས80བར་མར་ཆག་པ་རེད། དུས་མཉམ་དུ་གསེར་རྟ་རྫོང་གིས་སྐྱེ་ཁམས་ཀྱི་མཐིལ་ཚད་བརྟན་སྲུང་བྱས་ནས་ཆེད་དུ་ལྕུམ་ཆེན་རྐོ་བའི་ལག་རྩལ་ཚད་གཞི་བཟོས་ཏེ། ལྕུམ་ཆེན་བརྐོས་རྗེས་དུས་ཐོག་ཏུ་ས་བཀབ་ནས་རྩྭ་བཏབ་སྟེ་སྐྱེ་ཁམས་ལ་གཏོར་བཤིག་ཐེངས་གཉིས་མི་ཐེབས་པ་བྱས་ནས་རྩྭ་ཐང་སླར་གསོ་ཡུན་རིང་པོར་ཐུབ་པར་འགན་ལེན་བྱས་ཡོད།

ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་བརྟན་པོ་བཙུགས་ནས་སྐྱེ་ཁམས་སྤུས་ཚད་ཇེ་ལེགས་གཏོང་བ་དང་ཆབས་ཅིག་ཏུ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་ཕན་ཐོགས། ལས་གཞི་ལག་ལེན་བསྟར་རྗེས་གྲོང་པ་ཐུན་མོང་ལ་རྩྭ་ཐང་འཁོར་རྒྱུག་གི་ཁེ་བཟང་མུའུ་རེར་སྒོར40བརྟན་པོར་འཐོབ་རྒྱུ་རེད། ས་གནས་དེ་གས་ཐོན་ལས་རོགས་སྐྱོར་མ་དངུལ་དང་ལས་གཞི་མ་དངུལ་བསྡུ་སྒྲིལ་བྱས་ནས་ཁེ་ལས་ལ་གཞི་ཁྱོན་ཅན་གྱི་སྨན་རྩྭ་འདེབས་འཛུགས་བྱེད་དུ་བཅུག་པ་དང་། དེའི་ཁྲོད་གྲོང་སྡེ36གིས་ཐུམ་མོང་མ་དངུལ་བཏང་ནས་ལྕུམ་ཆེན་མུའུ2500བཏབ་ཅིང་སྔོན་དཔག་བྱས་ན་གྲོང་སྡེ་ཐུན་མོང་ལ་ཁེ་སྤོགས་སྒོར་ཁྲི་སྟོང་ལྷག་འཐོབ་ཐུབ་པར་མ་ཟད། དེའི་ཁྲོད་ཁེ་སྤོགས་ཁག་གཅིག་སྔ་ཙམ་ནས་སྤྲད་ཚར་ཡོད།

སྨན་རྩྭ་རྟེན་གཞི་ཡིས་ས་གནས་དེ་གའི་མང་ཚོགས་སྒོ་ཁ་ནས་ལས་ཞུགས་ཐུབ་པར་བསྐུལ་ཡོད། ས་གནས་དེ་གའི་ཡུལ་མི་རྟེན་གཞིའི་རྒྱུན་ལྡན་དོ་དམ་སྲུང་སྐྱོང་དང་། འདེབས་འཛུགས། བསྡུ་ལེན་སོགས་སུ་ཞུགས་ནས་ཡོང་འབབ་བརྟན་པོར་འཕར་བའི་ཐབས་ལམ་རྒྱ་བསྐྱེད་བཏང་ཡོད། སྔོན་གྱི་ཉམས་ཞན་བྱེ་འགྱུར་རྩྭ་ཐང་དེ་དེང་སང་ལྗང་མདོག་གསོན་ཤུགས་ཀྱིས་ཁེངས་ཤིང་ཡོང་སྒོ་ཡོད་པའི་རྩྭ་ཐང་ཞིག་ཏུ་གྱུར་ཡོད། གསེར་རྟ་རྫོང་གིས་སྐྱེ་ཁམས་བཅོས་སྐྱོང་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་བཏང་སྟེ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཐུབ་པ་དང་། གྲོང་སྡེའི་ཐུན་མོང་ཡོང་འབབ་འཕར་བ། ཞིང་འབྲོག་མང་ཚོགས་ཕྱུག་པོར་ཆགས་པ་སོགས་ཕྱོགས་གང་ཐད་ནས་ཕན་འབྲས་མངོན་གསལ་ཐོབ་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)