( པར་ངོས་དང་པོར་མཐུད།)ཁེ་ལས་ཀྱིས་སྐུལ་ཁྲིད་དང་རྟེན་གཞི་མཉམ་འགུལ། མང་ཚོགས་ཞུགས་པའི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ས་གནས་ཀྱི་ཁྱད་ཆོས་ཞིང་འབྲོག་ལས་དེ་མང་ཚོགས་ཡོང་འབབ་འཕར་སྣོན་བརྟན་པོ་དང་རྒྱུན་མཐུད་ཕྱུག་སྒྱུར་ཡོང་བར་སྐུལ་བའི་ཐོན་ལས་གཙོར་བོར་བསྒྱུར་དགོས།
དུང་དཀར་ལུང་པའི་གངས་དཀར་ཆུ་ཚན་མགྲོན་ཁང་དུ་ཀྲའོ་པོ་ཡིས་མགྲོན་ཁང་སླར་གསོ་རིམ་སྤོར་གྱི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་གྱི་སྙན་ཞུར་གསན་པ་རེད། དར་མདོ་གྲོང་ཁྱེར་གྱི་རྒྱུ་ལ་ཕུག་ལམ་ཕྱིར་བུད་ཨར་ལས་བྱ་ཡུལ་དུ་ཀྲའོ་པོ་ཡིས་ལས་གྲྭའི་གནས་ཚུལ་མདོར་བསྡུས་དང་འཛུགས་སྐྲུན་མྱུར་ཚད། དེ་བཞིན་ཉེན་མེད་ཐོན་སྐྱེད་བྱེད་ཐབས་དོན་ལ་འཁྱོལ་ཚུལ་བཅས་ལ་ལྟ་ཞིབ་གནང་ཞིང་དར་མདོ་གྲོང་ཁྱེར་དང་ཨར་པོ་རྒྱག་མཁན་ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་མཉམ་དུ་ལས་གྲྭ་སྤེལ་བར་ཚོད་འཛིན་བཟོ་བའི་འགག་གནད་དང་དཀའ་ས་ཐག་གཅོད་བྱ་རྒྱུར་ཞིབ་འཇུག་བྱས་པ་རེད། ཁོང་གིས་ཁུལ་སྤྱི་པའི་རིག་གནས་ཞབས་ཞུ་ལྟེ་གནས་དང་། ཁུལ་རིག་གནས་ཁང་། ཁུལ་དཔེ་མཛོད་ཁང་བཅས་ཀྱི་་ལས་གཞི་འཆར་འགོད་བཀོད་སྒྲིག་དང་། བྱེད་ནུས་བཀོད་སྒྲིག། ལེ་ལག་ཚང་བའི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་སྙན་ཞུར་གསན་པ་དང་། ཡུལ་དངོས་སུ་ལས་གཞིར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགག་གནད་ལ་ལྟ་སྒྲུབ་གནང་བ་རེད།
རྟོག་ཞིབ་ཁྲོད་ཀྲའོ་པོ་ཡིས་གཙོ་གནད་ལས་གཞི་དང་ཐོན་ལས་ནི་དཔལ་འབྱོར་བརྟན་པོར་འཕར་བ་དང་དམངས་འཚོར་ཕན་ཐོགས་པ། འཕེལ་རྒྱས་ལ་སྐུལ་བ་བཅས་ཀྱི་རྨང་རྡོ་ལྟ་བ་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཧྲིལ་སྐྱོང་ལེགས་འཁོར་དོན་ལ་ནན་པོར་འཁྱོལ་བ། དུས་རིམ་དང་མྱུར་ཚད་ཀྱི་མཚམས་ཚིགས་ལ་དོ་སྣང་ནན་པོ་བྱེད་པ། རིགས་དབྱེ་སྲིད་ཇུས་ལག་བསྟར་དང་གནད་སྨིན་འགག་སྒྲོལ་རྒྱུན་འཁྱོངས་པ། ལས་གཞི་འཛུགས་སྐྲུན་དང་ཁེ་ལས་གསོ་སྐྱོང་། ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་བར་བརྩོན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྒུལ་ཤུགས་དྲག་པོ་བསྣན་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་མགོ་ཁྲིད་ཡོན་ཀང་དང་བསོད་ནམས་དབྱངས་ཅན། དབྱང་ལིན། ལིའུ་ཧུང་བཅས་དང་། དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། དུང་དཀར་ལུང་པ་ལྗོངས་ཁུལ་བཅས་ཀྱི་ཏང་ཨུ་དང་ལས་དོན་ཨུ་ལྷན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཁག་བགོས་ནས་འབྲེལ་ཡོད་རྟོག་ཞིབ་ཏུ་ཞུགས་ཡོད་པ་རེད།།
( ལྷ་འཛོམས་དང་རྒྱ་མཚོས་བསྒྱུར།)
