ཀ་མེད་ཁང་བཟང་གྲུ་བཞིའི་དབུས་སུ་ཀ་ཁ་བསླབ་པའི་བཤེས་མཆོག་གིས།།
ཀ་མད་སུམ་ཅུའི་སུག་བྲིས་བཏབ་པའི་སྒོ་སམ་གྲུ་བཞིའི་ཁ་ཡིག་མཛེས།།
ཀ་ལ་པིང་ཀའི་སྒྲ་དབྱངས་ཇི་བཞིན་དཔེ་ཀློག་གསུང་སྐད་རབ་སྙན་པས།།
ཀ་ར་བུ་རམ་ཞིམ་པའི་རོ་ལྟར་སློབ་བུ་དག་གི་སེམས་ལ་མངར།།
ཀ་མད་སུམ་ཅུའི་འགྱུར་ཁུགས་ལྷང་ལྷང་སྒྲོག་པའི་ཤེས་རིག་དགའ་ཚལ་ན།།
ཁ་བ་ལྟ་བུའི་ཞེ་འདང་དཀར་དཀར་ཅན་གྱི་དྲིན་ཆེན་མི་བུ་དེ།།
ག་བུར་དབང་པོའི་རོགས་ལོ་དགའ་དགའ་མ་རེད་སྙིང་གི་སྤུན་ཟླ་ཚོ།།
ང་ཡི་སེམས་ཀྱི་མཆོད་རྟེན་སེར་སེར་ཉི་མ་འདྲ་བའི་བཤེས་གཉེན་རེད།།
དགེ་བའི་བཤེས་མཉེན་སྣུམ་ཚོན་མར་མེའི་ལྷབ་ལྷུབ་འབར་བའི་མེ་ལྕེ་ཡིས།།
ལེ་ལོའི་གཉིད་ཀྱིས་རྨོངས་པའི་ཞྭ་ཅན་ཕྱེ་ལེབ་ལྗང་བུའི་གཤོག་པ་བསྲིངས།།
ལེགས་བཤད་བདེན་པའི་མིང་ཚིག་སྤུར་བའི་མཁའ་ཡི་རྟ་བདུན་དབང་པོའི་བྱིན།།
མུན་པ་སྟུག་པོའི་སྨག་ཁྲོད་ལུས་པའི་ཤེས་དམན་སློབ་བུའི་ལུས་སེམས་གསལ།།
ཤེས་དམན་བུང་བའི་ཕྱི་ནང་བགོས་པའི་སྐྱོན་ཡོན་རྡུལ་གྱི་ཟེགས་མ་དག །
དྭངས་མོའི་གཙང་ཆབ་སྔོན་མོའི་འགྲོས་ཀྱིས་ལུས་སེམས་བྱི་དོར་ལན་མང་མཛད།།
རྣམ་དཔྱོད་རྩལ་གྱི་ཕྱེ་ལེབ་གཤོག་ཟུང་དཔྱིད་དཔལ་བསུ་བའི་གྲོགས་བཟང་མ།།
གངས་ཅན་ལྗོངས་ཀྱི་ས་གཞིའི་ཕང་བར་ཤེས་རབ་འབར་བའི་དེད་དཔོན་རྨད།།
དཀའ་བའི་ཚོགས་ལ་མགོ་བོ་མ་སྒུར་རྔུལ་ཆུའི་ཐིགས་པ་ཁྱད་བསད་བྱས།།
བག་ཕེབས་འཚོ་བར་སྐྱག་ལང་མ་ཤོར་ཉིན་མཚན་ལྟོས་མེད་ལས་ལ་བྲེལ།།
རང་ལུས་འཇགས་པའི་ཤེས་བྱར་མ་རློམ་གང་ནུས་གཞན་ལ་བསླབ་བྱས་ཏེ།།
སློབ་གསོའི་ལམ་མདོར་ཡིད་བཞིན་ནོར་ལྟར་གདམས་ངག་ཟིལ་པ་ཁྲོམ་ཁྲོམ་བབས།།
རྟུལ་ཕོད་གཤིས་ཀྱི་འཛུམ་མདངས་དཀར་པོ་རྨོངས་པ་བརྟུལ་བའི་གཉེན་དུ་འཁྲུངས།།
མཁྱེན་རྒྱ་ཡངས་པའི་ཤེས་རབ་མེ་ཏོག་གངས་རིའི་ཕང་བར་འདབ་སྟོང་གྲོལ།།
འཆད་རྩོད་རྩོམ་པའི་གསེར་གྱི་ལྡེ་མིག་མཐའ་འཁོབ་ཡིད་ཀྱི་བློ་སྒོ་ཕྱེས།།
གཟི་བྱིན་འཕྲོ་བའི་རང་རྒྱུད་གཙང་མ་སློབ་གླིང་འདི་ཡི་རྒྱན་དུ་གྱུར།།
མ་རིག་སྤྲིན་གྱི་ཡོངས་སུ་སྒྲིབ་པའི་མུན་པ་ནག་པོའི་མཚན་མོའི་ཁྲོད།།
ཀུན་གསལ་ལྷ་ལམ་ཡངས་པོའི་དཀྱིལ་གྱི་དཀར་གསལ་དུང་གི་ཟླ་གཞོན་ལྟར།།
གནས་ལུགས་གཤིས་ཀྱི་བཀྲག་མདངས་ཟེར་ལས་མ་རིག་ནག་ཁུང་ལྷག་བཅོམ་ནས།།
བསིལ་ལྡན་ལྗོངས་ཀྱི་ས་གཞིའི་ཕང་བར་མིག་གིས་མཐོང་བའི་དཀར་ཆ་བསྐྲུན།།
འཚོ་བའི་དཀྱིལ་འཁོར་གློག་འོད་འཕྱོ་བའི་ཕན་བདེ་སྦྲང་ཆར་འཇོ་བའི་དཔྱིད།།
ལྷ་ལམ་ཡངས་པོའི་ཕྱོགས་མཐར་བརྐྱངས་པའི་གསེར་གྱི་རྨི་ལམ་ཆ་འགྲིག་ཅིག།
རྣམ་དཔྱོད་པདྨོ་འདབ་བརྒྱ་ཆུན་པོའི་གཞན་ཡིད་སྤྲོ་བའི་གཤིས་བཟང་མཆོག།
དབུ་འཕང་མཁའ་ཡི་ཉི་ཟླ་བཞིན་དུ་ཡུན་དུ་བརྟན་པའི་དབྱར་རྔ་རྡུང་།།
༼ སྣག་ཚ་ནག་པོ། ༽
