国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བཀའ་དྲིན་ཚིག་གི་མེ་ཏོག་དགེ་རྒན་ལ་ཕུལ།

ཀ་ཁའི་མགྲིན་གླུ་སྙན་མོ་ངག་ཏུ་བཀུག།

ཁ་ཚིག་ཞི་ལྷོད་འཇམ་པོས་སློབ་སྟོན་གནང་།།

ག་ས་གང་དུ་སོང་ཡང་བརྩེ་བས་གཟིགས།།

ང་ཡིས་བཤེས་གཉེན་དམ་པར་ནམ་ཡང་གུས།།

ཅ་ཅོའི་ཚིག་ལ་མི་མཁས་ཡང་དག་གསུང་།།

ཆ་རྒྱུས་ལས་ལ་བརྩོན་པའི་དམ་པ་སྟེ།།

ཇ་ཡུན་དུས་ཀྱང་སློབ་བུར་སྤྱན་གྱིས་གཟིགས།།

ཉ་རྒྱས་ཟླ་བའི་མདངས་ལས་དགེ་རྒན་མཆོག།

ཏ་ཐཱ་ག་ཏའི་བསྟན་པར་ཐུགས་བསྐྱེད་དཀར།།

ཐ་མལ་སྤྱོད་ལམ་ཚོགས་ལས་རྒྱལ་བའི་སླད།།

ད་ལྟ་སྐད་ཅིག་ཙམ་ཡང་སློབ་བུར་གཟིགས།།

ན་གཞོན་སློབ་བུ་ཚོགས་ལ་དྲིན་ཆེན་ཨང་།།

པ་རི་པི་རི་མིན་ཞིང་བརྟན་བརླིང་མཐུག།

ཕ་སྐད་མ་ཡིག་གཉིས་ལ་ཐུགས་སྙིང་དགྱེས།།

བ་འོ་དཀར་པོའི་མདོག་ལྟར་སློབ་བུར་བྱམས།།

མ་ཡུམ་སློབ་གླིང་དབུས་ནས་བཀའ་དྲིན་དྲན།།

ཙ་ཀ་ལི་ཡི་མཛེས་སྡུག་གསལ་ཡོད་མོད།།

ཚ་ཟེར་ཉི་མའི་དྲོད་ཐིགས་འཇམ་ན་ཡང་།།

ཛ་དྲག་དུས་ལས་རྙེད་དུས་དཀའ་བའི་མི།།

ཝ་མོའི་སྤྱོད་ལམ་སྤངས་པའི་དགེ་རྒན་རྒྱལ།།

ཞྭ་ལྟར་གཙུག་ཏུ་བཀུར་འོས་ཁྱེད་འདྲ་དཀོན།།

ཟ་ཟིའི་སྤྱོད་ལམ་བྲལ་བ་ཁྱེད་བཞིན་ཉུང་།།

འ་འུར་རིང་ནས་ཟད་པ་ཁྱེད་མཚུངས་སུ།།

ཡ་རབས་མཁས་པ་དག་ལས་སུ་དང་འགྲན།།

ར་བ་གངས་ཅན་ལྗོངས་ཀྱི་ཡུལ་གྲུ་ནས།།

ལ་རྒྱའི་སེམས་སྤོབས་མཐུག་པའི་དམ་པ་དང་།།

ཤ་རུས་རིགས་ལ་འཆང་བའི་དགེ་རྒན་ཞིག །

ས་སྟེང་འདི་ནས་བཙལ་ཀྱང་ཁྱེད་ལས་མེད།།

ཧ་ཅང་བྱམས་པ་ཆེན་པོས་སློབ་བུ་སྐྱོང་།།

ཨ་ལོང་བརྩེ་བའི་རང་གཟུགས་ཉེ་རིང་བྲལ།།

ཧ་ཧ་དགོད་སྒྲ་དང་བཅས་ཐུགས་རྗེ་ཡངས།།

ཨ་ཧོའི་གདངས་ལ་སྦྱར་ནས་བཀའ་དྲིན་ཞུ།།

རྗོད་བྱེད་ཚིག་ཏུ་དྲངས་པ་མི་མཛེས་རུང་།།

བརྗོད་བྱ་སེམས་ཀྱིས་བྲིས་པས་རབ་ཏུ་ཡག།

བརྗོད་ན་གྲངས་ཀྱིས་ལོངས་མི་སྲིད་ཅིང་།།

བརྗོད་པ་དྲང་པོར་སྨྲས་པས་ཅིས་མི་བཟང་།།

ཡུན་རིང་སྐྱོང་བའི་ངལ་བ་གཟུགས་གྲུབ་ན།།

ས་གཞི་རབ་ཏུ་ཆེ་ཡང་ཤོང་དུས་དཀའ།།

དྲིན་ཆེན་དགེ་རྒན་མཆོག་ལ་སྙིང་དབུས་ནས།།

བཀའ་དྲིན་ཚིག་གི་མེ་ཏོག་སེམས་ཀྱིས་ཕུལ།།

༼ ཁམས་འོད་གསལ། ༽