国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡེ་ཚན་བདུན་གྱིས་དམིགས་བསལ་སློབ་གསོ་འཕེལ་རྒྱས་རིམ་སྤོར་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ བྱ་སྤྱོད་འཆར་འགོད་ལག་ལེན་བསྟར་འགོ་བཙུགས།

ཉེ་ཆར། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན། དམངས་སྲིད་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག《དམིགས་བསལ་སློབ་གསོ་འཕེལ་རྒྱས་རིམ་སྤོར་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི》བྱ་སྤྱོད་འཆར་འགོད་པར་འགྲེམས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་དམིསག་བསལ་སློབ་གསོ་སྤུས་ལེགས་མཉམ་འདྲེས་འཕེལ་རྒྱས་ལ་བསྐུལ་བའི་བཀོད་སྒྲིག་བྱས་ནས་དམིགས་བསལ་སློབ་གསོའི་མ་ལག་སྤུས་ཚད་མཐོན་པོ་སྔར་ལས་འཐུས་ཚང་དུ་བཏང་བ་རེད།

བྱ་སྤྱོད་འཆར་འགོད་དུ2030ལོར་བསླེབ་སྐབས་ལོ་རན་དབང་པོ་སྐྱོན་ཅན་བྱིས་པའི་འོས་འགན་སློབ་གསོའི་སློབ་ཞུགས་ཐུབ་ཚད་བརྒྱ་ཆ97ཡན་སྲ་བརྟན་དུ་གཏང་བ་དང་། དམིགས་བསལ་སློབ་གསོའི་འགན་ལེན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། དམིགས་བསལ་སློབ་གསོ་ཨང་ཀི་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་རིམ་བཞིན་མཐོ་རུ་གཏང་བ་དང་། དམིགས་བསལ་སློབ་གསོའི་སྤུས་ལེགས་མཉམ་འདྲེས་ཀུན་ཕན་འཕེལ་རྒྱས་གནས་བབ་གཞི་རྩའི་ཆ་ནས་ཆགས་པ་བྱ་དགོས་ཞེས་བཏོན་པ་རེད།

བྱ་སྤྱོད་འཆར་འགོད་དུ་གཙོ་གནད་ལས་འགན་ཆེན་པོ་ལྔ་ཁ་གསལ་བཟོས་ཡོད་པ་སྟེ། གཅིག་ནི་ཐོན་ཁུངས་རྒྱ་སྐྱེད་གཏང་དགོས། དམིགས་བསལ་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། དབང་པོ་སྐྱོན་ཅན་བྱིས་པའི་སློབ་གསོ་བཀོད་སྒྲིག་ལེགས་སུ་གཏོང་བ། དབང་པོ་སྐྱོན་ཅན་སློབ་མའི་སློབ་རིམ་སྤར་ཏེ་དབང་པོ་སྐྱོན་ཅན་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་སློབ་གསོ་ཐོབ་པའི་གོ་སྐབས་འགན་ལེན་གང་ལེགས་བྱ་དགོས། གཉིས་ནི་སྤུས་ཚད་མཐོ་རུ་གཏང་དགོས། དམིགས་བསལ་སློབ་གསོའི་སློབ་ཚན་གྱི་སློབ་ཁྲིད་བསྒྱུར་བཅོས་མུ་མཐུད་དེ་ཟབ་ཏུ་གཏོང་བ་དང་། ཁེར་རྐྱང་ནད་ཕོག་པའི་བྱིས་པའི་སློབ་གསོ་ཆུ་ཚད་མགྱོགས་མྱུར་མཐོ་རུ་གཏོང་བ། དམིགས་བསལ་སློབ་གསོའི་ཆེད་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དབང་པོ་སྐྱོན་ཅན་སློབ་མའི་ལས་རིགས་སློབ་གསོ་དང་ལས་ཞུགས་འབྲེལ་མཐུད་འཕེལ་རྒྱས་གཏོང་བར་གཞི་གཅིག་ཏུ་བསྐུལ་དགོས། གསུམ་ནི་ཨང་ཀི་ཅན་ལ་བསྐུལ་དགོས། དམིགས་བསལ་སློབ་གསོ་ཨང་ཀི་ཅན་དུ་འཛུགས་སྐྲུན་ལ་ཧུར་ཐག་སྐུལ་བ་དང་། མི་ཐབས་རིག་ནུས་འཚོལ་ཞིབ་བྱས་ནས་དམིགས་བསལ་སློབ་གསོ་འཕེལ་རྒྱས་ལ་རོགས་རམ་བྱ་དགོས། བཞི་ནི་ཀུན་ཕན་ཐོགས་ཤུགས་ཆེ་རུ་གཏང་དགོས། དམིགས་བསལ་སློབ་གསོའི་འགྲོ་གྲོན་གཏོང་འཇོག་ལམ་སྲོལ་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། དམིགས་བསལ་སློབ་གསོའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ། དམིགས་བསལ་སློབ་གསོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་བསལ་སློབ་གསོའི་ཀུན་ཕན་འཕེལ་རྒྱས་ལ་ཤུགས་བསྣན་དགོས། ལྔ་ནི་སྤེལ་རེས་ལ་སྐུལ་སྤེལ་བྱ་དགོས། དམིགས་བསལ་སློབ་གསོའི་ཕྱི་ཕྱོགས་མཉམ་ལས་ཀྱི་འགྲོ་ལམ་རྒྱ་བསྐྱེད་གཏོང་བ་དང་། དམིགས་བསལ་སློབ་གསོའི་འཕེལ་རྒྱས་ཀྱི་ཕྱི་ཕྱོགས་སྤེལ་རེས་ཆུ་ཚད་མཐོ་རུ་གཏང་དགོས།

བྱ་སྤྱོད་འཆར་འགོད་དུ་ཏང་གིས་དམིགས་བསལ་སློབ་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་ཚན་མང་པོས་ཐུན་མོང་ཐོག་དོན་ལ་འཁྱོལ་བའི་ལམ་སྲོལ་བཙུགས་ཤིང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྤྱི་ཚོགས་ཞུགས་པའི་དམིགས་བསལ་སློབ་གསོ་འཕེལ་རྒྱས་གཏོང་སྟངས་གཏོད་པ། སྤྱི་ཚོགས་ཡོངས་ཀྱིས་དམིགས་བསལ་སློབ་གསོར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་མཉམ་དུ་གཏོད་དགོས་པར་ནན་པོར་བསྟན་ཡོད།།

( བདེ་ཆེན་གྱིས་བསྒྱུར།)