ཉེ་ཆར། གསར་འགོད་པས་པེ་ཅིང་དུ་འཚོགས་པའི2026ལོའི་རྒྱལ་ཁབ་དྲ་བ་ཉེན་མེད་དྲིལ་སྒྲོག་གཟའ་འཁོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོའི་རྒྱལ་ཁབ་དྲ་བ་ཉེན་མེད་དྲིལ་སྒྲོག་གཟའ་འཁོར་གྱི་གཙོ་དོན་ནི་དྲ་བ་ཉེན་མེད་མི་དམངས་ཆེད་དུ་ཡིན་ལ་དྲ་བ་ཉེན་མེད་མི་དམངས་ལ་བརྟེན་དགོས། རིག་ནུས་དུས་རབས་སུ་དྲ་བ་ཉེན་མེད་སྲུང་བ་ཞེས་པ་དེ་ཡིན་ཞིང་། སྤྱི་ཟླ9པའི་ཚེས14ནས20ཉིན་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་གྱུར་ངང་སྤེལ་རྒྱུ་དང་། འགོ་འཛུགས་མཛད་སྒོ་སོགས་བྱེད་སྒོ་གལ་ཆེན་ཧྲན་ཏུང་ཅི་ནན་དུ་སྤེལ་རྒྱུ་ཡིན་པ་རེད།
2026ལོའི་རྒྱལ་ཁབ་དྲ་བ་ཉེན་མེད་དྲིལ་སྒྲོག་གཟའ་འཁོར་རིང་འགོ་འཛུགས་མཛད་སྒོ་དང་དྲ་བ་ཉེན་མེད་ལག་རྩལ་གཙོ་གྲས་གླེང་སྟེགས། ཆེད་དོན་གླེང་སྟེགས15དང་། དྲ་བ་ཉེན་མེད་ལག་རྩལ་བེད་སྤྱོད་མྱོང་རོལ་ཁུལ། དྲ་བ་ཉེན་མེད་དང་ཆ་འཕྲིན་ཅན་གྱི་ཤེས་ལྡན་མི་སྣ་གདན་དྲངས་ཚོགས་འདུ་སོགས་སྤེལ་རྒྱུ་ཡིན་པ་རེད། དེའི་ནང་དྲ་བ་ཉེན་མེད་ལག་རྩལ་བེད་སྤྱོད་མྱོང་རོལ་ཁུལ་གྱིས་དྲ་བ་ཉེན་མེད་མངའ་ཁོངས་ཀྱི་གྲུབ་འབྲས་གལ་ཆེན་ཁྱོན་ཡོངས་ནས་མངོན་པ་དང་། ལས་རིགས་མངའ་ཁོངས་གི་དགོས་མཁོ་གལ་ཆེན་དང་ཐོན་རྫས་གསར་པ་ཡོངས་བསྒྲགས་བྱ་རྒྱུ། ལག་རྩལ་འོས་སྦྱོར་དང་སྤེལ་རེས་མཉམ་ལས་གཅིག་བསྡུས་ཐོག་སྤེལ་རྒྱུ། ད་དུང་དྲ་བ་ཉེན་མེད་མཉམ་འགུལ་མྱོང་རོལ་དུས་གཅིག་ཏུ་སྤེལ་རྒྱུ། དྲ་བ་ཉེན་མེད་སྒོ་བསྟེན་སྨན་བཅོས་དངAIཡིས་ཨང་ཀི་མི་བསྐྱར་དུ་དཔར་བ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། དངོས་རྫས་སྟོན་པ་དང་བརྙན་ལམ་དྲིལ་སྒྲོག། མི་དང་རྩིས་འཁོར་བར་ཆ་འཕྲིན་བརྒྱུད་སྤྲོད་དང་ཕྱོགས་གཉིས་འབྲེལ་གཏུག་མཉམ་འགུལ་བྱེད་པའི་ལག་རྩལ་སྟོན་པ་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ། དྲ་བ་ཉེན་མེད་ཀྱི་ལག་རྩལ་གྲུབ་འབྲས་ཀུན་ཕན་མཉམ་སྤྱོད་ལ་བསྐུལ་བ་རེད།
ད་ལོའི་དྲ་བ་ཉེན་མེད་གཟའ་འཁོར་ལ་ད་དུང་སློབ་གྲྭའི་ཉིན་མོ་དང་གློག་འཕྲིན་ཉིན་མོ། ཁྲིམས་སྐྱོང་ཉིན་མོ། དངུལ་རྩ་ཉིན་མོ། གཞོན་ནུ་ལོ་ཆུང་ཉིན་མོ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཉིན་མོ་སོགས་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་རྒྱུ་དང་། དྲ་བ་ཉེན་མེད་སྒྲིག་འཛུགས་བྱས་ནས་སྤྱི་ཁུལ་དང་ཞིང་སྡེ། ཁེ་ལས། ལས་ཁུངས། སློབ་གྲྭ། ཁྱིམ་ཚང་སོགས་སུ་བསྐྱོད་ནས་དྲིལ་སྒྲོག་ཁྱབ་གདལ་བྱེད་སྒོ་སྤེལ་ཏེ། མི་དམངས་མང་ཚོགས་ཀྱི་གོ་བདེ་ཤེས་སླ་དང་ཐོས་དགའ་མཐོང་སྤྲོའི་རྣམ་པའི་ཐོག་ནས་དྲ་བ་ཉེན་མེད་ཤེས་བྱ་དང་འགོག་སྲུང་རྩལ་ནུས་དྲིལ་སྒྲོག་བྱ་རྒྱུ་ཡིན་པ་རེད། གཞན་ཡང་ད་དུང་དྲ་བ་ཉེན་མེད་ཀྱི་གསར་གཏོད་ལས་གཏོད་འགྲན་སྡུར་ཆེན་མོ་དང་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ཆ་འཕྲིན་ཉེན་མེད་འགྲན་སྡུར་སྒྲིག་འཛུགས་བྱས་ཏེ། རིག་རྩལ་ཐོག་ནས་དྲ་བ་ཉེན་མེད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ། རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་དྲ་དམངས་ལ་ཁ་ཕྱོགས་ནས་དྲ་བ་ཉེན་མེད་འགྲན་སྡུར་བྱེད་སྒོ་དང་བརྙན་ཐུང་ཆུང་གྲས་བསྡུ་རུབ་འགྲེམ་སྟོན་བྱ་རྒྱུ་ཡིན་པ་རེད།
2026ལོའི་རྒྱལ་ཁབ་དྲ་བ་ཉེན་མེད་དྲིལ་སྒྲོག་གཟའ་འཁོར་དེ་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དྲ་བ་ཉེན་མེད་དང་ཆ་འཕྲིན་ཅན་གྱི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པའི་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་བཅུ་ཡིས་མཉམ་དུ་སྤེལ་རྒྱུ་ཡིན་པ་རེད།།( བདེ་ཆེན་གྱིས་བསྒྱུར།)
