སྤྱི་ཟླ9པའི་ཚེས11ཉིན་ལ་དཀར་མཛེས་ཁུལ་གྱི2026ལོའི་གཙོ་གནད་ལས་གཞི་དང་གཙོ་གནད་ཐོན་ལས་ལས་དོན་ཚོགས་འདུ་དར་མདོ་རུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་ལ་ནན་ཏན་འཁྱོལ་བ། “ལས་གཞི་གཙོ་བོ་ཡིན་པ་དང་ཐོན་ལས་གནད་ཆེན་ཡིན་པའི”འདུ་ཤེས་བརྟན་པོ་བཅངས་ཤིང་། ངར་ཤུགས་ཆེར་སྐྱེད་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ལས་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་ཐོན་ལས་ནུས་རིམ་སྤར་ཏེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་ཞིང་འདེགས་སྐྱོར་སྲ་མོ་བྱ་དགོས་ཞེས་ནན་གསུང་གནང་།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ལིན་བཅས་ཚོགས་འདུར་ཞུགས་པ་རེད།
ཀྲའོ་པོ་ཡིས་ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་གིས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱས་ནས་བྱ་གཞག་ཁག་བརྟན་ཐོག་ཡར་རྒྱས་དང་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ད་སྔར། ཁུལ་ཡོངས་ཀྱི་འཕེལ་རྒྱས་གོ་སྐབས་གཅིག་ཐོག་གཅིག་སྣོན་དང་སྟོབས་སྡུད་ནུས་གསོག་ཡིན་པས་གོ་སྐབས་དམ་འཛིན་དང་འགག་གཏོར་བའི་དུས་བཟང་ཡིན། རེད་དེ་རང་ཁུལ་གྱི་ལས་གཞི་མ་འཇོག་དང་གཙོ་གནད་ཐོན་ལས་འབྲེལ་ཐག་འཛུགས་སྐྲུན་ཐད་ད་དུང་ཞན་ཆ་དང་གནད་དོན་མི་ཉུང་བ་ཞིག་ཡོད་པ་རིག་པ་དྭངས་གསལ་གྱིས་ཤེས་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། འགག་སྒྲོལ་གྱི་ངར་ཤུགས་རྒྱུན་འཁྱོངས་པ། ལས་གཞི་དམ་འཛིན་དང་ཐོན་ལས་ལ་སྐུལ་བ་དེ་དཔལ་འབྱོར་ལས་དོན་གྱི་མངོན་གསལ་དོད་པའི་གནས་བབ་ཏུ་གཞག་རྒྱུ་མཐའ་འཁྱོངས་པ། སྒུག་མི་ཐུབ་པ་དང་སྡོད་མི་ཐུབ་པ། དལ་མི་ཐུབ་པ་བཅས་ཀྱི་དགོས་གཏུག་འདུ་ཤེས་ཆེ་རུ་བཏང་ནས་དུས་ནམ་ཡང་ལས་གཞི་གཉེར་བ་དང་། ཉིན་ལྟར་ལས་གཞི་དམ་འཛིན་བྱེད་པ། ཟླ་རེར་ལས་གཞི་སྤེལ་བ། ལོ་ལྟར་ལས་གཞི་གྲུབ་པ་བཅས་བྱས་ནས་གྲུབ་འབྲས་དངོས་ཀྱི་ཐོག་ནས་ལས་གཞི་ཁག་གི་དམིགས་འབེན་ལས་འགན་དོན་ལ་འཁྱོལ་དགོས་གསུངས།
ཀྲའོ་པོ་ཡིས་ནན་གསུང་གནང་དོན། ལས་གཞི་ཐོན་ལས་ལས་དོན་དེ་ངེས་པར་དུ་སྔོན་ལ་ཤུགས་རྒྱག་པ་དང་ཆབས་ཅིག་མཇུག་འཁྱོངས་ལས་ཀའང་དུས་གཅིག་ཏུ་ཡག་པོ་བསྒྲུབ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་མ་སྐུལ་དང་བླངས་ངང་མདུན་གྲ་སྔོན་སྒྲིག་དང་། བདག་སྤྲོད་སྔོན་བྱེད་དང་མཉམ་སྦྲེལ་ཞིབ་བཤེར་ཤུགས་ཆེན་བྱེད་པ། ལས་གཞི་གལ་ཆེན་ཆེད་ཚན་བཙུགས་ནས་བསྒྲུབས་ཏེ། ལས་གཞི་སྔ་ཙམ་དོན་ཐོག་འཁྱོལ་བ་དང་། སྔ་ཙམ་ལས་འགོ་འཛུགས་པ། སྔ་ཙམ་ཕན་འབྲས་ཐོན་པ་བྱ་དགོས། རིམ་ཁག་མགོ་ཁྲིད་ལས་བྱེད་པས་མ་སྐུལ་དང་བླངས་ངང་ཁེ་ལས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ། ལྷག་བསམ་ཟོལ་མེད་ངང་ཁེ་ལས་དང་འབྲེལ་འདྲིས། བརྩེ་སེམས་ཆེན་པོས་ཁེ་ལས་ཀྱི་དཀའ་ངལ་སེལ་བ། ཞབས་ཞུ་ཆེས་སྔོན་སར་འཇོག་པ་དང་ཁེ་ལས་ཀྱིས་བཏོན་པའི་དཀའ་ངལ་རེ་འདུན་འཕྲལ་དུ་དང་ལེན་དང་ཐག་གཅོད་པ་དང་། དུས་བཀག་ནང་ལྡོག་ལན་སྤྲད་དེ་གནད་དོན་ཐག་གཅད་དགོས། “གཟའ་འཁོར་རེར་བཀོད་གཏོང་དང་། ཟླ་རེར་བརྡ་ཁྱབ་གཏོང་བ། དུས་ཚིགས་རེར་དཔྱད་ཞིབ་བྱེད་པའི”ལས་དོན་སྐུལ་འདེད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དཀར་མཛེས་ཁུལ་གྱི་ལས་གཞི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་བསྐུལ་དགོས།།
( ལྷ་འཛོམས་ཀྱིས་བསྒྱུར།)
