国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགེ་རྒན་ལགས་སྐུ་ངལ་ ཞིག་གསོ་རོགས།

ལོ་རེ་རེར་དགེ་རྒན་གྱི་དུས་ཆེན་ཉིན་མོ་བསུ་བའི་སྟ་གོན་བྱེད་པར་མཐོང་འཕྲལ། ངས་རང་ཉིད་ཐོག་མར་སྦྱོར་ཀློག་ཙམ་ལ་མགོ་མི་འཚོས་པའི་དུས་དེ་དྲན་ཡོང་། དེ་དུས་ཨ་ཕས་ང་རང་ཀ་ཁ་ག་ང་ནས་བཟུང་སྟེ་ཞལ་འདོན་ཕྱོགས་བསྒྲིགས་ཀྱི་ནང་གསེས་ཀྱི་འདོན་པ་དག་གཅིག་རྗེས་གཉིས་མཐུད་ངང་དལ་གྱིས་བསླབས་པར་དྲན། ང་རང་ཡིག་རྩ་ཡོད་མཁན་ཞིག་ཡིན་མོད། བློ་འཛིན་དེ་ཙམ་བཟང་རྒྱུ་མེད་ཁར་པྲ་ཆལ་གྱིས་ནམ་ཚ་ཕུད་པའི་དུས་སུ་གཅར་རྡུང་དང་ཉེས་ཆད་བཅད་མྱོང་བའང་དྲན། ཨ་ཕ་ནི་ངའི་དགེ་རྒན་ཐོག་མ་ཡིན་ལ། ཤེས་རིག་གླིང་ཆེན་དུ་འགྲིམ་དུས་ལམ་སྟོན་བྱེད་མཁན་ཐོག་མའང་ཡིན།ཡང་ན་ངས་དགེ་རྒན་དུས་ཆེན་གྱི་ཉིན་མོ་འདི་གླེང་བ་ནི་ཨ་ཕ་ལགས་ཀྱི་བཀའ་དྲིན་གླེང་བར་མཚུངས། ད་ལྟ་ཨ་ཕ་ལགས་ཞལ་གྱེས་ཏེ་མི་ལོ་ཁ་ཤས་ཕྱིན་སོང་། ཁོ་རང་འཇིག་རྟེན་གྱི་པང་ནས་མཐོང་ཐབས་བྲལ་ཡང་། ངའི་སེམས་སུ་རྟག་ཏུ་གཟི་བརྗིད་ཀྱི་ངང་ནས་གསོན་པོར་བཞུགས་ཡོད། མི་ཚོས་དགེ་རྒན་ནི་ཕ་མ་གཉིས་པ་ཡིན་ཞེས་སློབ་གསོ་རེ་རེ་གནང་ཡོང་དུས། ངས་ངའི་དགེ་རྒན་ནི་རང་གི་ཕ་མ་ཡིན་ངེས་བསམ་པའི་འདུ་ཤེས་ཤིག་སྐྱེ་བྱུང་། ད་ལྟ་དགེ་རྒན་མང་པོ་བསྟེན་ནས་ལོ་ཚོད་འདིར་ཐོན་དུས། ངས་ནམ་ཡང་རང་ལ་སྐུ་དྲིན་ཟབ་པའི་ཕ་མ་དང་བཤེས་གཉེན་དག་ལ་ཞབས་འདེགས་སྤུ་རྩེ་ཙམ་ཞིག་ཞུ་ཐུབ་མེད་པར་ཚོར་དུས། ཤིན་ཏུ་སྐྱོ་ངལ་གྱིས་ནང་སེམས་རབ་རིབ་ཏུ་བཏང་བྱུང་། ཡིད་ཁམས་རྒྱ་མཚོའི་རླབས་རིས་ངོས་སུ་ནོངས་བ་དང་འགྱོད་པས་འཕག་འཚག་བརྒྱབ་བྱུང་།དགེ་རྒན་ལགས། བརྩེ་ཆེན་ཉི་ཟླའི་འོད་སྣང་གཟིམས་པ་མེད་པའི་མཛད་པ་ཅན། ཤེས་རིག་གི་ཐང་ཆེན་བརྒྱུད་དུས་བརྩོན་པའི་ངར་ལྕགས་ལ་ཞུམ་པ་མེད་པའི་དོན་གྱི་དཔའ་སྙིང་ཅན། སློབ་ཚོགས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་དེ་ཁྱེད་ཅག་ཡིན་ལ། ཁྱེད་ཅག་ཡོད་པས། སློབ་བུ་ངེད་ཅག་གི་མདུན་ལམ་ལ་འོད་སྟོང་འཁྱིལ་ངེས། རྨོངས་མུན་གྱི་མཁར་རྫོང་སྟུག་པོ་མི་རིང་བར་བཤིག་པའི་དུས་ཤིག་ལྡན་ངེས། འབྱུང་འགྱུར་གྱི་ལོ་ཟླའི་ཁྲོད་ནས་རྒྱལ་ཁབ་དང་མི་རིགས་འདི་ཡར་རྒྱས་ཡར་འཕེལ་གྱི་རྟེན་འབྲེལ་འགྲིག་ངེས། སློབ་གསོས་བསྐྱངས་པའི་སློབ་མ་རེ་རེ་ཡི་སྤྱོད་བཟང་ལུགས་མཐུན་གྱི་གོམས་སྲོལ་ཉམས་དུ་མི་འཇུག་ངེས། དགེ་རྒན་ལགས། ཤེས་བྱའི་བཅུད་ལྡན་མངར་མོ་སློབ་མ་ཚོར་གྲལ་རིམ་མི་དབྱེ་པར་རིས་མེད་ཀྱི་བགོ་སྐལ་སྩོལ་མཁན་དེ་ཁྱེད་ཅག་ཡིན་ལ། མི་རིགས་ཤིག་གི་ཆེད་དང་རྒྱལ་ཁབ་ཅིག་གི་བདེ་སྡུག་འགན་འཁྲི་ཕྲག་ཏུ་བཞེས་ཏེ་ལོ་ཟླའི་རྔམ་འཇིགས་ལ་རྒོལ་ལན་སྤྲོད་མཁན་དེ་ཁྱེད་ཅག་ཡིན། ན་ཆུང་སློབ་མ་ཚོའི་མི་ཚེའི་མདུན་ལམ་ལ་བསམ་གཞིག་གནངས་ཏེ་རང་གི་ལང་ཚོ་དང་དུས་ཚོད་སེར་སྣས་མ་བཅོམ་པར་བློས་གཏོང་བྱེད་ནུས་པའི་སེམས་དཔའ་དེ་ཁྱེད་ཅག་ཡིན། མི་རིགས་སློབ་གསོའི་ལས་དོན་ལ་བརྩོན་པས་གཞོལ་ཞིང་གཞན་ཕན་གྱི་སྣང་བྱེད་འོད་མདངས་ལ་གཟིམས་པ་མེད་པའི་ཁྱེད་ཅག་ལ་བཀའ་དྲིན་ཞུ། དུས་ཆེན་གྱི་ཉིན་མོ་འདིར། དགེ་རྒན་ལགས་སྐུ་ངལ་ཞིག་གསོ་རོགས། སྐུ་བདེ་ཐུགས་སྐྱིད་ཀྱི་ངང་ནས་ལྷོད་ལྷོད་ཅིག་བཞུགས་རོགས། ཅི་འདོད་ཀྱི་ཕུན་ཚོགས་ལོངས་སུ་སྤྱད་ནས་དེ་རིང་ཉིན་གཅིག་ལ་སྐུ་ངལ་ཞིག་གསོ་རོགས། མ་འོངས་པའི་ལོ་ཟླའི་ཁྲོད་ནས་ཁྱེད་ཅག་གི་བྱ་གཞག་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་ཞིང་ཅི་བསམ་པའི་ཐུགས་འདུན་མཐའ་དག་ལྷུན་གྱིས་འགྲུབ་པར་སྨོན། དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ། དགེ་རྒན་ལགས་སྐུ་ངལ་ཞིག་གསོ་རོགས།

༼ གངས་ཆབ་ལྷ་སྲས། ༽