国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགེ་རྒན་དུས་ཆེན་ ལ་ཕུལ།

ཨ་སྔོན་ཉི་མས་འགྲོ་བའི་མུན་པ་སེལ།།

ཧ་ལམ་དཔེ་ཟླར་འོས་པ་དགེ་རྒན་ཏེ།།

ཨ་ལ་དུས་ཆེན་སྐལ་བཟང་ཉིན་མོ་ལ།།

ཧ་ཅང་གུས་པས་ཅུང་ཙམ་བསྟོད་ལ་སྤྲོ།།

ས་སྟེང་སྐལ་ལྡན་རིག་པའི་དོན་གཉེར་རྣམས།།

ཤ་ཚ་ཐུགས་བརྩེས་རྗེས་སུ་བཟུང་དང་ལྷན།།

ལ་ལུང་དབྱེར་མེད་ཀུན་ལ་མ་ལྟར་བྱམས།།

ར་གན་གསེར་དུ་བསྒྱུར་བའི་ལས་ལ་བརྩོན།།

ཡ་རབས་སྤྱོད་བཟང་ཡར་དཔེ་ཞྭ་ལྟར་མཛེས།།

འ་རི་འུ་རིའི་སྐྱོན་ཆས་མ་གོས་ཤིང་།།

ཟ་ལུགས་འགྲོ་སྟངས་ཚུན་ཆད་ལུགས་མཐུན་དུ།།

ཞ་ཞིའི་དུས་ནས་ངང་རྒྱུད་རིང་པོས་བསླབས།།

ཝ་སྤུའི་གྲ་ལྟར་དཀའ་གནད་སེལ་བ་ལ།།

ཛ་ཡ་ལྟ་བུའི་ཐོགས་མེད་ཤེས་རབ་མངའ།།

ཚ་གྲང་ནད་ཀྱིས་གདུང་བའི་དུས་ལ་ཡང་།།

རྩ་ནས་མི་འཛེམས་སྙིང་སྟོབས་གོ་ཆ་བགོས།།

མ་ཡིག་ཕ་སྐད་འཛིན་སྐྱོང་སྤེལ་བའི་སླད།།

བ་རྒན་བཞིན་དུ་འོ་མའི་བཅུད་འཕྱུངས་ཏེ།།

ཕ་རོལ་སློབ་མའི་ཁམས་དབང་བསྟུན་མཁས་ཀྱིས།།

པ་ཎཾ་བུམ་པ་གང་བྱོ་ཚུལ་དུ་བསྩལ།།

ན་ཚོད་མཐོན་པོས་ལུས་པོ་རྒས་འཁོགས་ཀྱང་།།

ད་དུང་ལཱ་ཆ་བཞིན་དུ་རང་ལུས་ཀྱིས།།

ཐ་ན་འགྱོད་པ་ཙམ་ཡང་མེད་པའི་ངང་།།

ཏ་ལེར་གཞན་གྱི་མདུན་ལམ་གསལ་ལ་འབུངས།།

ཉ་མའི་དུས་ཀྱི་དངོས་བྱུང་མྱོང་ཚོར་རྣམས།།

ཇ་ཁང་ལྷིང་འཇགས་ཤག་མིག་གྲུ་བཞི་ནས།།

ཆ་ཚང་ཚིག་གིས་བརྗོད་པར་མི་ལང་ཡང་།།

ཅ་ནེའི་ནང་གི་ཐིགས་པ་ཙམ་ཞིག་བཀོད།།

ང་གཞན་བཀུར་འོས་དགེ་རྒན་ཡོངས་རྫོགས་ལ།།

ག་སར་མཛད་འཕྲིན་དབྱར་མཚོ་བཞིན་དུ་རྒྱས།།

ཁ་ལས་རླུང་རྟ་དར་ཞིང་སྐུ་ཚེ་བརྟན།།

ཀ་ཆེན་བུ་སློབ་ས་སྟེང་གང་བར་སྨོན།།

༼ འབའ་བློ་བཟང་ཟླ་བ ༽