国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་གྲོང་ཁྱེར་མི་ཉག་རིག་གནས་ཡུལ་སྲོལ་དུས་སྟོན་སྐབས་བཞི་པ་ལས་མི་ཉག་རིག་གནས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་མི་ཉག་རྡོ་ར་དཀར་མོར་འཚོགས།

15145_04B_20260916བགྲོ་གླེང་ཚོགས་འདུའི་ཡུལ་དངོས།

ཉེ་ཆར།དར་མདོ་གྲོང་ཁྱེར་མི་ཉག་རིག་གནས་ཡུལ་སྲོལ་དུས་སྟོན་སྐབས་བཞི་པ་ལས་མི་ཉག་རིག་གནས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་མི་ཉག་རྡོ་ར་དཀར་མོར་འཚོགས་པ་རེད།

ཚོགས་འདུར་ཡུན་ནན་མི་རིགས་སློབ་ཆེན་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཀྲེ་ཅང་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སོགས་སློབ་གྲྭ་ཁག་དང་ལས་ཁུངས་ཁག་གི་མི་ཉག་རིག་གནས་ལོ་རྒྱུས་ཀྱི་ཆེད་མཁས་པ་དང་འབུམ་རམས་པ། ཁམས་པ་བརྙན་འཕྲིན་ཁང་དང་གངས་ལྗོངས་ཉི་གཞོན། དཀར་མཛེས་གཏོང་སྦྱོར་ལྟེ་གནས་སོགས་ཞིང་ཆེན་ནང་ཁུལ་གྱི་འཕྲིན་སྦྱོར་སྡེ་ཁག་གི་གསར་འགོད་པ། རྡོ་ར་དཀར་མོའི་ལག་རྩལ་སློབ་གྲྭའི་དགེ་སློབ་སོགས་ཁྱོན་མི50ལྷག་ཞུགས་ཡོད། ཚོགས་འདུར་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་གནང་བའི་ཚོགས་འདུ་དབུ་འབྱེད་ཀྱི་རྟེན་འབྲེལ་ཤིས་ཚིག་སྒྲོག་སྦྱངས་བྱས།

མི་ཉག་རིག་གནས་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་། རྒྱ་བོད་རིག་གནས་ཀྱི་མཁའ་དབྱིངས་སུ་འོད་དུ་འཚེར་བའི་རྒྱུ་སྐར་ཞིག་ཡིན་པར་མ་ཟད། དེང་སྐབས་རྒྱལ་ཕྱི་ནང་གི་ཆེད་མཁས་པ་མང་པོས་རྟོག་ཞིབ་དང་རྒྱུས་ལོན་བྱེད་ས་ཁྱད་པར་བ་ཞིག་ཏུ་གྱུར་ཡོད། དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་གནང་བ་དང་། མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་གཙོས་ས་གནས་ཀྱི་སྐྱེས་ཆེན་དང་ཆེད་མཁས་པ་མང་པོས་མི་ཉག་རིག་གནས་སྔོག་འདོན་དང་སྲུང་སྐྱོང་། དར་སྤེལ། བརྒྱུད་འཛིན། མི་ཉག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལས་དོན་བཅས་ཀྱི་ཐད་ལ་ཐུགས་ཁུར་ཆེར་བཞེས་ཀྱིས་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།

ཐེངས་འདིའི་བགྲོ་གླེང་དུ་མི་ཉག་རིག་གནས་ལོ་རྒྱུས་ཀྱི་ཆེད་མཁས་དགེ་རྒན་རྣམས་ཀྱིས་ཕྱོགས་མང་པོ་ནས་མི་ཉག་རིག་གནས་སྔོག་འདོན་དང་འཚོལ་ཞིབ། འགྲེལ་བརྗོད། ཞིབ་འཇུག་སོགས་ཀྱི་གྲུབ་འབྲས་དང་ལྟ་བ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་རྣམ་པ་བརྒྱུད་ནས་མི་ཉག་གི་རིག་གནས་ལོ་རྒྱུས་ཐད་ལ་སོ་སོའི་དགོངས་ཚུལ་ལྷུག་པོར་གསུངས་ཡོད་དེ། ཡུན་ནན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཨ་ཚོགས་ལགས་ཀྱིས་མི་ཉག་ཡུལ་གྱི་དམངས་ཁྲོད་གླུ་གཞས་ལས་ཨ་ལོང་མོ་བཏབ་ཀྱི་སྐོར་ལ་གསུང་བཤད་གནང་བ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དགེ་རྒན་མི་ཉག་འོད་ཟེར་ལགས་ཀྱིས་མི་ཉག་རིག་གནས་ཡུལ་སྐོར་དང་ཟུང་འབྲེལ་གྱི་ཐབས་ལམ་འཚོལ་ཞིབ་ཐད་ནས་གསུང་བཤད་གནང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གསོ་རིག་སློབ་དཔོན་ཆེན་མོ་རྒྱ་མཚོ་ལགས་ཀྱིས་ཁམས་མི་ཉག་ཡུལ་དུ་དར་ཁྱབ་ཆེ་བའི་ཟས་རིགས་ལས་ཟོ་མར་བཟོ་སྟངས་དང་མིང་གི་རྣམ་གྲངས། དར་སའི་ས་ཁོངས། ཕན་ནུས་སོགས་ངོ་སྤྲོད་གནང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཐུབ་བསྟན་ཆོས་དར་ལགས་ཀྱི་མི་ཉག་རྡོ་ར་དཀར་མོ་ཉེ་འཁོར་གྱི་གནའ་ཤུལ་གཙོ་བོ་དག་ལ་ཞིབ་འཇུག་དང་རྟོག་ཞིབ་བྱས་པའི་གྲུབ་འབྲས་ངོ་སྤྲོད་གནང་། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རིག་འཛིན་བསྟན་སྲུང་ལགས་ཀྱིས་མི་ཉག་ཡུལ་གྱི་གེ་སར་གནའ་ཤུལ་སྐོར་ལ་གསུང་བཤད་གནང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཐོ་རིམ་འཆད་དཔོན་ཡེ་ཤེས་རབ་གསལ་ལགས་ཀྱིས་ནོར་བུ་གཟི་ཡི་ཆུ་མིག་ལས་འཕྲོས་ཏེ་ཡུལ་གྱི་ནང་ཚན་སིལ་བུ་པའི་སྟེང་ནས་གཟི་ཡི་ཆུ་མིག་དང་འཛམ་གླིང་གི་ལོ་རྒྱུས་འབྲེལ་ཏེ་གསུང་བཤད་གནང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཐོ་རིམ་འཆད་དཔོན་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ལྷོ་མི་ཉག་གི་ལོ་རྒྱུས་སྐོར་དང་འབྲེལ་ནས་མི་ཉག་གི་ས་ཁོངས་དང་སྐད་རིགས། དབྱེ་བ། དར་རྒུད་སོགས་ཀྱི་སྟེང་ནས་མི་ཉག་གི་ལོ་རྒྱུས་རིག་གནས་སྐོར་ལ་གསུང་བཤད་ཕུན་སུམ་ཚོགས་པོ་གནང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཐོ་རིམ་དགེ་རྒན་གཞོན་པ་དབང་རྒྱས་ལགས་ཀྱིས་མི་ཉག་འཚོ་བའི་རིག་གནས་དང་འབྲེལ་བའི་སྨན་ལྡུམ་སྐོར་ནས་གསུང་བཤད་གནང་།

འབུམ་རམས་པ་བསོད་ནམས་དབང་མོས་མི་ཉག་དམངས་སྲོལ་གཏམ་རྒྱུད་བརྒྱུད་འཛིན་དར་སྤེལ་ཐད་ལ་གཏམ་བཤད་བྱས། མི་ཉག་རྡོ་ར་དཀར་མོ་སློབ་གྲྭ་ནས་སློབ་ཐོན་བྱུང་ཞིང་ད་ལྟ་འབུམ་རམས་པའི་སློབ་གནས་གཉེར་བཞིན་ཡོད་པའི་འབུམ་རམས་པ་པད་མ་དབང་ཕྱུག་དང་བསོད་ནམས་རིན་ཆེན། ཚེ་བརྟན་གསུམ་གྱིས་བཙུན་མོ་མི་ཉག་རུ་ཡོང་བཟའི་སྐོར་དང་ས་པཎ་གྱིས་མི་ཉག་རྒྱལ་ཁམས་སུ་གནང་བའི་ཡི་གེ་ལ་དཔྱད་པ། མི་ཉག་མཁན་ཆེན་བཀའ་བཞི་པའི་ཐོས་བསམ་གྱི་སྙིང་སྟོབས་ཞེས་པ་བཅས་ཁ་བྱང་གསུམ་གྱི་སྟེང་ནས་སོ་སོས་གཏམ་བཤད་ཕུན་སུམ་ཚོགས་པོ་བྱས་པ་རེད།

རྗེས་མར། མི་ཉག་རྡོ་ར་དཀར་མོ་ཡུལ་སྐོར་ཐོན་ལས་གླིང་གིས་ཡུལ་སྐོར་དང་མི་ཉག་རིག་གནས་ཟུང་འབྲེལ་གྱིས་ཡུལ་སྐོར་འཕེལ་རྒྱས་དང་རིག་གནས་བརྒྱུད་འཛིན་ཕྱོགས་ལ་ཤུགས་བླ་ལྷག་ཏུ་བརྒྱག་རྒྱུ་ཡིན་པ་རེད།།

( ཨོ་རྒྱན་དོན་གྲུབ་དང་བློ་ཐུབ་བསྟན་གྱིས་བྲིས་ཤིང་པར་བླངས།)