སློབ་དཔོན་ཧན་ཞའོ་ཧུང་ནི་རྒྱལ་ཕྱི་ནང་དུ་སྐད་གྲགས་ཆེ་བའི་གེ་སར་སྒྲུང་གི་རིག་གནས་པ་མཁས་ཅན་ཡིན་ཞིང་། ཁོང་གིས་ལོ་བཞི་བཅུའི་རིང་ལ་གེ་སར་སྒྲུང་གི་ཞིང་ར་བརྟག་དཔྱད་གྲུབ་འབྲས་གནང་ནས་གེ་སར་སྒྲུང་གི་གཞུང་ཚན་བཙུགས་པ་དང་རིག་གཞུང་ཞིབ་འཇུག། རིག་འཆར་འཕེལ་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་བཞག་པ་རེད།
དེ་སྔོན《དཀར་མཛེས་ཉིན་རེའི་ཚགས་པར》གྱི་རྒྱ་ཡིག་རྩོམ་རིག་པར་ངོས་སུ་ཁྱེད་དང་མཉམ་དུ་དཀར་མཛེས་ཁུལ་ལ་སྐོར་བ་བྱེད་ཅེས་པའི་ལེ་ཚན་ཞིག་ཆེད་དུ་བཀོད་དེ། ཧན་ཞའོ་ཧུང་གིས་སྡེ་དགེ་དང་གསེར་རྟ་སོགས་སུ་ཞིང་ར་རྟོག་ཞིབ་གནང་རིང་བྲིས་པའི་ལྷུག་རྩོམ་བཀོད་ཡོད་པ་དང་། ཀློག་པ་པོ་རྒྱ་ཆེན་གྱི་དགའ་བསུ་ཆེན་པོ་ཐོབ། རྩོམ་གྱི་ཡིག་འབྲུ་རེ་རེ་ལས་ཁོང་གིས་དཀར་མཛེས་ཁུལ་གྱི་ས་གཞི་དྲོན་མོར་བཅངས་པའི་བརྩེ་བ་དང་རུས་གསེང་ནས་གེ་སར་རིག་གནས་ལ་མངོན་པའི་ལྷད་མེད་དགའ་ཞེན་ཚོར་ཐུབ་ཅིང་། ཀློག་པ་པོར་ཁོང་དང་མཉམ་དུ་ཡུལ་སྡེའི་ཡུལ་ལྗོངས་མཛེས་ཆེན་ལ་དངོས་སུ་ལྟ་བ་དང་གེ་སར་སྒྲུང་ངག་ལ་དངོས་སུ་ཉན་པ། ཡུལ་མིའི་གཞུང་དྲང་མགྲོན་ལ་དགའ་བའི་གཤིས་སྤྱོད་ལ་མྱོང་རོལ་ཐུབ་པའི་འཆར་སྣང་གསོན་པོ་ཞིག་དབང་མེད་དུ་སྟེར།
ལས་འབྲེལ་གསེར་སྐུད་གེ་སར་སྒྲུང་ལ་མཐུད།།
ལོ་རྒྱུས་སྙན་ངག་ཆེན་པོའི་ཞལ་རས་མཇལ།།
དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་འགོར། བྱང་སྐྱོད་གཞོན་ནུའི་འཚོ་བ་ལོ་དྲུག་རོལ་རྗེས་ཀྱི་ཧན་ཞའོ་ཧུང་ལ་དཀར་མཛེས་ཁུལ་གསེར་རྟ་རུ་ཐེངས་གཅིག་སྐྱོད་པའི་སྐལ་བཟང་ཐོབ་ཅིང་། དེའི་རྗེས་སུ་ཁྲེང་ཏུའུ་རུ་འཚོགས་པའི་བོད་འབྲེལ་ས་ཁུལ་ལོ་རྒྱུས་འཕེལ་རྒྱས་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་ནས་སི་ཁྲོན་ཞིང་ཆེན་གེ་སར་གཞུང་ལས་ཁང་གི་དགེ་རྒན་ཀུའུ་ཀྲེང་ཞི་དང་མཇལ། ཀུའུ་ཀྲེང་ཞི་ཡིས་ཧན་ཞའོ་ཧུང་གསེར་རྟ་ནས་ཡོང་བ་ཤེས་རྗེས་ཁོ་ལ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བརྒྱད་པའི་ཚན་རིག་ཞིབ་འཇུག་ལས་གཞི་གལ་ཆེན་ཏེ་ས་གནས་དེ་གའི་གེ་སར་སྒྲུང་མཁན་གྲགས་ཅན་རིག་འཛིན་རྡོ་རྗེ་ལ་བཅར་འདྲི་བྱ་དགོས་པའི་མངགས་བཅོལ་གནང་། དེ་ནས་བཟུང་མངགས་བཅོལ་དེ་འོད་ཀྱི་ཕུང་པོ་ཞིག་དང་མཚུངས་པར་ཧན་ཞའོ་ཧུང་གི་ལོ་བཞི་བཅུའི་རིང་གི་ཞིབ་འཇུག་ལམ་བུར་གསལ་པོར་བཟོས་པར་མ་ཟད། གེ་སར་རིག་གནས་དང་ཚེ་གཅིག་མཉམ་དུ་འགྲོགས་པའི་འགོ་འཛུགས་ས་ཡང་གྱུར་པ་རེད།
དེ་ནས་ཧན་ཞའོ་ཧུང་གསེར་རྟ་རུ་ཕྱིར་ལོག་ཅིང་། སྐབས་དེར་གསེར་རྟའི་རྫོང་དཔོན་གཞོན་པ་དགེ་རྒན་ཞི་ཆུང་གིས་རོགས་རམ་འོག་ཏུ། ལ་དང་ལུང་པ་བརྒལ་ནས་ཁེས་སྐོར་ཡུལ་ཤོག་གི་འབྲོག་རར་སོང་མཐར། ལྕི་བས་སྦྱར་བའི་ཁང་ཆུང་ཞིག་ཏུ་རྒན་པོ་རིག་འཛིན་རྡོ་རྗེ་དང་མཇལ་འཕྲད་བྱུང་། དགེ་རྒན་ཞི་ཆུང་གིས་སྐད་སྒྱུར་གནང་བའི་འོག་ཏུ་རིག་འཛིན་རྡོ་རྗེས་གེ་སར་དང་གེ་སར་སྒྲུང་གི་སྐོར་དལ་འབབ་ཆུ་བོའི་གཞུང་ལ་དྲངས་ནས་ལྷུག་པོར་བརྗོད་པས་ཧན་ཞའོ་ཧུང་གི་ཡིད་དབང་ཀུན་ནས་འཕྲོག། རིག་འཛིན་རྡོ་རྗེ་བབ་སྒྲུང་ངམ་རྟོགས་པ་ཉམས་ཤར་གྱི་སྒྲུང་མཁན་ཞིག་ཡིན་པའི་ཆ་ནས་ཡི་གེ་རྩ་བ་ནས་མི་ཤེས་ཀྱང་ངག་ནས་གེ་སར་སྒྲུང་བཞི་བཅུ་ལྷག་བཤད་ཐུབ་ཅིང་། དེའི་ནང་དུ་སྒྲུང་འགའ་ཞིག་ནི་འཇིག་རྟེན་འདིར་གཅིག་ལས་དར་མེད། དུས་ནམ་ཡིན་མ་ཤེས་པར་རིག་འཛིན་རྡོ་རྗེའི་སྒྲུང་ངག་སྙན་མོས་ཉེ་འགྲམ་གྱི་འབྲོག་པ་ཚོའི་ཡིད་དབང་བཀུག་སྟེ་ཁང་ཆུང་གི་ཕྱི་རོལ་ནས་སྐྱིལ་ཀྲུང་གིས་བསྡད་དེ་དད་པ་ཆེན་པོས་རྩེ་གཅིག་ཏུ་སྒྲུང་ཉན་སར་སླེབས་འདུག། ཞི་འཇམ་ལྷོད་བག་ལྡན་ལ་ལྷད་མེད་དྭངས་གཙང་གི་ཉམས་སྣང་ཞིག་ཁོ་ར་ཁོར་ཡུག་ཏུ་དལ་བུར་ཁྱབ་བཞིན་ཡོད། ཧན་ཞའོ་ཧུང་གི་སེམས་གཏིང་ནས་དམངས་ཁྲོད་དུ་ཡིབ་པའི་རིག་གནས་ངོ་མཚར་ཆེ་བ་དེ་ལ་སྔར་མེད་གུས་བཀུར་ཞིག་སྐྱེས་པ་དང་ཆབས་ཅིག་རྣམ་པ་གསོན་པོ་དང་ནང་དོན་ཟབ་ཅིང་རྒྱས་པའི་སྲིད་ན་དཀོན་པའི་ལོ་རྒྱུས་སྙན་ངག་ཆེན་པོ་འདི་མཐོ་སྒང་གི་འཚོ་བ་དང་འོ་ཆུ་མཉམ་དུ་འདྲེས་པའི་ཚུལ་ལ་ཡང་ཡིད་ཆེས་རྙེད། དེ་ནས་ལོ་ངོ་སྟོང་གི་སྙན་སྒྲུང་མྱུར་སྐྱོབ་དང་ཞིབ་འཇུག་ལ་མཐའ་གཅིག་ཏུ་གཞོལ་བའི་ས་བོན་བཟང་པོ་ཧན་ཞའོ་ཧུང་གི་སེམས་ཀྱི་ཞིང་སར་འཁྲུངས་ཤིང་། དཀར་མཛེས་ཁུལ་གྱི་འབྲོག་ར་དང་མི། སྙན་སྒྲུང་སྐྱོང་བའི་ས་གཞི་མ་མ་འདིར་དགའ་ཞིང་གཅེས། ང་ཚོར་མཚོན་ན་གེ་སར་སྙན་སྒྲུང་ནི་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོ་ཐོན་ཁུངས་གཙོ་བོར་བྱེད་པའི་ས་ཆ་མང་པོའི་རིག་གནས་ཀྱི་གཞི་རྒྱུ་ཡིན་ཞིང་། ཧན་ཞའོ་ཧུང་དང་གེ་སར་སྒྲུང་བར་གྱི་ལས་འབྲེལ་དེ་ཡང་ཁོང་གིས་དཀར་མཛེས་ཁུལ་གྱི་ས་ཆེན་པང་དུ་འཁྱུད་པ་ནས་འགོ་བཙུགས་ཡོད། ལས་འབྲེལ་བཟང་པོ་འདི་ལ་བརྟེན་ནས་ལོ་བཞི་བཅུའི་རིང་ཧན་ཞའོ་ཧུང་གི་ཞབས་རྗེས་སྡེ་དགེ་དང་གསེར་རྟ། དཀར་མཛེས་སོགས་ཀྱི་རི་ཀླུང་ཀུན་ཏུ་མངོན་པ་དང་གེ་སར་རིག་རྒྱུན་སྐྱོང་བའི་སྣག་སྨྱུག་གི་བྲོ་བ་གངས་ཅན་མཐོ་སྒང་གི་བར་སྣང་ཡོངས་སུ་ཁྱབ།
དཀའ་བར་མི་འཛེམས་གྲོང་སྡེ་སྟོང་ལ་བསྐྱོད།།
གེ་སར་དཔྱད་གཞི་ཡིག་ཆ་བརྒྱ་ཕྲག་གྲུབ།།
གསར་འགོད་པས་ཧན་ཞའོ་ཧུང་ལ་ལོ་བཅུ་ཕྲག་ཁ་ཤས་ལ་ཞིང་ར་རྟོག་ཞིབ་གནང་བའི་ཁྲོད་དུ་ཆེས་བརྗེད་པར་དཀའ་བའི་མྱོང་ཚོར་ཅི་ཞིག་ཡིན་པའི་སྐོར་དྲིས་པ་ན། ཧན་ཞའོ་ཧུང་གིས་ཆར་རྗེས་ཀྱི་འབྲོག་ར་རུ་ཉི་འོད་སྤྲིན་གསེབ་ནས་འཕྲོ་ཞིང་། རྩྭ་ཐང་དུ་ལྕི་དྲི་འདྲེས་པའི་དྲི་ཞིམ་དལ་གྱིས་སྣ་ལམ་དུ་བྲོ་ཡོང་བ་ནི་ཨ་མའི་པང་དུ་ལོག་པ་ལྟ་བུའི་བདེ་ཉམས་རྒྱས་པ་དང་། ད་དུང་ཆར་རྗེས་ཀྱི་འཇའ་ཚོན་མཁའ་མཐའ་དང་རྩྭ་ཐང་བར་དུ་དཔྱངས་ཤིང་གསེར་མདངས་ལམ་ལམ་དུ་འཚེར་བས་སེམས་ལ་བདེ་གསལ་གྱི་ཉམས་ཚད་མེད་བྱུང་བ་དེ་དག་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད་ཅེས་གསུངས། ཁོང་སྙན་ངག་མཁན་ཞིག་ཡིན་པའི་ཆ་ནས་བཅར་འདྲིའི་ཁྲོད་དུ་བྱུང་བའི་མཛེས་པ་དང་དྲོད་ཁོལ་རེ་རེ་སྙན་ཚིག་གི་ལམ་དུ་བསྟར་ཅིང་ཀློག་པ་པོའི་སེམས་ལ་བདེ་འབོལ་འབོལ་གྱི་སྣང་བ་བྱིན། ཁོང་གིས་ངས་བྲིས་པའི་སྙན་ཚིག་རེ་རེ་ནི་རང་སེམས་ཀྱི་གནས་སྟངས་ངོ་མ་དང་བརྩེ་བ་ལྷད་མེད། དགའ་ཞེན་འགྱུར་མེད་བཅས་ཡིན་ཞེས་གསུངས།
ཧན་ཞའོ་ཧུང་གིས་དོ་དོ་དན་དན་གྱིས་ཞིང་རའི་རྟོག་ཞིབ་གནང་ཞིང་། ཁོང་དཀར་མཛེས་ཁུལ་གྱི་རང་བྱུང་གྲོང་སྡེ1000ལྷག་ཏུ་བསྐྱོད་དེ་རྟོག་ཞིབ་ཀྱི་ཟིན་བྲིས་རྩ་ཆེན་དུ་མ་བཞག་ཡོད། དེ་བས་གླེང་རིན་ཡོད་པ་ཞིག་ནི། ཁོང་གིས་གྲོང་སྡེ་གང་དུ་བསླེབས་ཀྱང་སྙན་ངག་དང་། ལྷུག་རྩོམ། སྐྱ་བྲིས། པར་རིས་སོགས་ཐབས་ལམ་སྣ་མང་ནས་སྐབས་དེ་དུས་ཀྱི་དུང་བ་དང་བརྩེ་བ། མྱོང་ཚོར་དང་བློ་འབྱེད་བཅས་ཐོ་རུ་འཁོད་པ་རེད།
ཧན་ཞའོ་ཧུང་གིས་སྐབས་དེར་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་ཅུང་ཟད་ཞན་པས། གྲོང་སྡེ་མང་ཆེ་བར་རྟ་བཞོན་ནས་འགྲོ་དགོས་ཤིང་དཀའ་ལས་ཤིན་ཏུ་ཆེ། ཡིན་ན་ཡང་གྲོང་སྡེ་ཁག་ཏུ་ཐོན་མ་ཐག། ཡུལ་མི་ཚོས་ང་ལ་དགའ་བསུ་ཞུས་པ་རེད། ཚང་མས་ང་ནི་གེ་སར་སྙན་སྒྲུང་གི་རིག་གནས་ལས་ཀ་སྒྲུབ་མཁན་ཡིན་པ་ཤེས་རྗེས་མ་སྐུལ་དང་ལེན་གྱིས་ངའི་ཉེ་འགྲན་དུ་བཅར་བ་དང་ང་ལ་ཡིད་ཆེས་བྱེད་པ། ང་རང་དཀྲུགས་ཇ་འཐུང་སར་ཁྲིད་དེ་ཁ་ཏ་ལབ་པ་རེད། དྲང་བདེན་ལྷད་མེད་ཀྱི་བྱམས་སེམས་དེ་དག་གིས་ངའི་སེམས་ལ་དྲོད་ཁོལ་ཚད་མེད་བྱིན། ལོ་བཅུ་ཕྲག་ཁ་ཤས་སུ། ང་རང་ལ་གེ་སར་གྱི་དཔྱད་གཞི་ཡིག་ཆ་བརྒྱ་ཕྲག་ལྷག་བྱུང་ཡོད། འདི་ཚོ་ནི་ཞིབ་འཇུག་གི་གཞི་འཛིན་ས་ཡིན་ལ། དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོ་དང་ཡུལ་མི་ཚོས་ང་ལ་གནང་བའི་ལེགས་སྐྱེས་ཆེས་བརྩེ་བ་ལྡན་ལ་རྩ་ཆེ་བ་དེ་ཡང་རེད་ཅེས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་དེ་ལྟར་གསུངས་པ་རེད།
ཁོང་གིས་བྲིས་པའི་གེ་སར་སྒྲུང་གི་དཔྱད་རྩོམ་ལ་མཚོན་ན། ནམ་རྒྱུན་གྱི་རིག་གཞུང་རྩོམ་ཡིག་ལྟར་ཚིག་སྦྱོར་མཁྲེགས་ཤིང་བྲོ་བ་མེད་པ་ལྟར་མ་ཡིན་ཞིང་། རིགས་གཞུང་གི་ཟབ་ཚད་དང་བརྩེ་དུང་གི་ཉམས་འཛོམས་པའི་ལྷུག་རྩོམ་ལྟ་བུ་ཞིག་ཡིན་ཏེ། ཀློག་འདོད་ཀུན་ནས་བསླངས་ཤིང་ཡིག་འབྲུ་བར་ནས་ཡིབ་པའི་དྲོད་ཁོལ་ཚོར་ཐུབ།
དཔྱད་བརྗོད་ཀྱི་རྩོམ་སྲོལ་དེ་ལྟར་བྱུང་བའི་རྩ་བ་ནི་ངའི་ཞིང་རའི་རྟོག་ཞིབ་ལ་རག་ལས་ཡོད་ལ། མགྲོན་དགའ་བློ་ཁོག་ཡངས་ཤིང་དྲང་བདེན་ལྷད་མེད་ཀྱི་འབྲོག་པ་མང་ཚོགས་ལ་ཐུག་ཡོད་ཅིང་། བརྒྱུད་འཛིན་བརྟན་སྲུང་བྱེད་མཁན་གྱི་སྒྲུང་མཁན་ཚོ་ལ་དེ་བས་ཀྱང་ཐུག་ཡོད། ངའི་རྩོམ་བྲིས་ཁྲོད་དུ། ཞིང་རའི་རྟོག་ཞིབ་ཁྲོད་དུ་བྱུང་བའི་དྲན་ཤེས་ཀྱིས་དཔྱད་གཞི་ཕུན་སུམ་ཚོགས་པོ་མཁོ་སྤྲོད་བྱས་པར་མ་ཟད། ང་ལ་བརྩེ་སེམས་ཀྱི་དྲོད་ཁོལ་མངར་མོ་ཡང་རྒྱུན་ཆད་མེད་པར་བྱིན་ཡོད། འབྲོག་རར་མྱོང་བའི་དྲོད་ཁོལ་གྱི་སྣང་ངོ་རེ་རེ་དང་། འབྲོག་པ་ཚོའི་ཟོལ་མེད་ཀྱི་འཛུམ་མདངས། དགའ་སྤྲོའི་སྣེ་ལེན་སོགས་དུས་ནམ་ཡང་ངའི་སེམས་ཀྱི་མེ་ལོང་ངོས་སུ་འཆར་བཞིན་ཡོད། རྩོམ་འབྲིའི་ཁྲོད་དུ་མིག་མཆི་ཞག་འཁོར་བའི་སེམས་འགུལ་ཐེབས་པའི་དྲོད་ཁོལ་མིག་ལམ་དུ་ཤར་བ་དང་། དུང་བ་ལྷད་མེད་ཅིག་ནམ་ཡང་ངའི་གཡས་གཡོན་དུ་འགྲོག་བཞིན་ཡོད། སྐབས་རེར་འབྲི་བཞིན་འབྲི་བཞིན་མིག་ཆུ་རང་དབང་མེད་པར་འབབ་ཡོང་བ་རེད་ཅེས་གསུངས་ཤིང་། སྐད་ཆ་དེའི་མཇུག་རྫོགས་པ་དང་ཁོང་གི་སྤྱན་མདངས་ལས་བརྩེ་བའི་འོད་མདངས་འཆར་བ་དང་དབྱངས་རྟའི་ཁྲོད་དུ་སེམས་འགུལ་ཐེབས་པའི་རང་སྒྲ་ངམ་ཤུགས་སུ་གྲག་གིན་འདུག་གོ།།
བརྩེ་སེམས་རི་ལྟར་བརྟན་ཞིང་མཚོ་ལྟར་ཟབ།།
གེ་སར་སྒྲུང་གི་ཞིབ་འཇུག་ཁ་ཕྱོགས་བསྟན།།
ལོ་བཞི་བཅུའི་འབད་བརྩོན་བརྒྱུད་རིམ་ཁྲོད་དུ་ཧན་ཞའོ་ཧུང་དང་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོའམ་གེ་སར་རིག་གནས་བར་དུ་བརྩེ་བ་ལྗིད་ཏིག་ཏིག་ཅིག་ཆགས་ཤིང་། བརྩེ་བ་དེ་ནི་ཟོལ་མེད་ཀྱི་མཇལ་འཛོམས་རེ་རེ་ལས་མངོན་ཞིང་ལྷོད་མེད་ཀྱི་བརྟན་སྲུང་རེ་རེའི་ཁྲོད་ནས་རྒྱས། ཁོང་གིས་མི་མང་པོས་བསྒྲུབས་ཐུབ་མེད་པའི་ཞིང་ར་བརྟག་དཔྱད་བྱས་ནས་གེ་སར་སྒྲུང་བརྒྱུད་འཛིན་དར་སྤེལ་ཐད་བྱས་རྗེས་བཞག་པའི་གནད་ཀྱང་སྒྲུང་མཁན་ནམ་ཞིང་འབྲོག་པ་ཚོ་དང་སེམས་མཐུན་གྱི་འབྲེལ་བ་ཟབ་མོ་ཞིག་ལ་ཐུག་ཡོད་པ་ལོས་ཡིན། ཁོང་ཉིད་འཚོ་བའི་ཁྲོད་ཀྱི་གེ་སར་སྒྲུང་གི་ཀློང་དུ་ཚུད་པའི་ཚེ། རང་ཉིད་རིག་པ་སྨྲ་བའི་ཐོབ་ཐང་རྩ་བ་ནས་བརྗེད་ཅིང་ལུས་སེམས་དེའི་ཁྲོད་དབྱེར་མེད་དུ་འདྲེས།
ཧན་ཞའོ་ཧུང་གིས་ཡུལ་སྐོར་ཟིན་ཐོ་དང་ལྷུག་རྩོམ་ཆིག་སྟོང་ལྷག་བྲིས་པ་ལས་གླེང་རིན་ཆེས་ལྡན་པ་གདམ་དགོས་ན། ཁོང་གིས་ཚམ་ཚོམ་མེད་པར《སྙིང་སྟོབས་ཤིག་གིས་ནམ་ཡང་ང་རང་མཆི་ཞགས་འཁོར་དུ་བཅུག》ཅེས་པ་དེ་བདམས་སྲིད། ལྷུག་རྩོམ་དེ་བྲིས་ཅུང་ཟད་སྔ་ཞིང་། རྗེས་སུ་ཁ་བྱང་ལ《ཨ་ཕྱུག་རྩྭ་ཐང་དུ་ངའི་མིག་ཆུ་བཞུར》ཞེས་པར་བཅོས་ཤིང་། ཡིག་རིགས་བཞི་ལ་བསྒྱུར་བ་དང་། རྒྱལ་ཁབ27གྱི་ཚགས་དེབ་ཏུ་བཀོད་ཡོད། ཁོང་གིས་ངའི་ལྷུག་རྩོམ་ཁྲོད་དུ་བདེན་པ་མིན་པའི་ཆ་ཏོག་ཙམ་ཡང་འདྲེས་མི་ཆོག་ཅེས་གསུངས་པ་རེད་ལ། དུས་ནམ་ཡང་ལག་ལེན་གསེར་ཐིགས་སུ་ཡང་བསྟར་བཞིན་ཡོད་པས་མི་སེམས་དབང་མེད་དུ་བཀུག་ཐུབ་པའི་རྩ་བ་ཡང་དེར་ཐུག་ཡོད།
གེ་སར་སྒྲུང་གི་ཞིབ་འཇུག་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་ལ། ཧན་ཞའོ་ཧུང་གིས་ལོ་རྒྱུས་སྙན་སྒྲུང་གི་ཤེས་དཔལ་རང་གཟུགས་མངོན་པར་བྱས་ཏེ་དད་སེམས་དང་གུས་བཀུར། ལྷག་བསམ་ཆེ་རུ་གཏང་དགོས། ད་སྔའི་ལག་རྩལ་གྱིས་ལོ་རྒྱུས་སྙན་སྒྲུང་སྲུང་སྐྱོང་ཐུབ་པ་ཙམ་ལས་དེ་ཉིད་ཀྱི་ཚབ་བྱེད་མི་ནུས། འགྲོ་བ་མི་བྱིས་པའི་དུས་རབས་ཀྱི་ཤེས་དཔལ་ཞིག་ཡིན་པའི་ཆ་ནས། གེ་སར་སྙན་སྒྲུང་གི་སྤུས་དག་ཚད་དང་གདིང་ཟབ་ཚད་ལ་མི་ཚང་མས་སྙིང་ནས་སྲུང་ཞིང་སྐྱོང་འོས་ཞེས་བཤད། ཁོང་ལས་འཁྱུར་ངལ་གསོ་ཚར་ན་ཡང་ད་དུང་གེ་སར་སྒྲུང་གི་མཛེས་རིག་དང་གུས་ལུགས་རིག་པ། དོན་བརྗོད་རིག་པ། དཔྱད་སྡུར་རིག་པ་བཅས་ཀྱི་ཕྱོགས་སུ་ཞིབ་འཇུག་བྱ་རྒྱུའི་འཆར་གཞི་བཞག།
ཧན་ཞའོ་ཧུང་ལ་མཚོན་ན། གེ་སར་སྒྲུང་ལ་བཅངས་པའི་དགའ་ཞེན་དེ་རིག་པ་དོན་གཉེར་དང་རྩོམ་ཡིག་འབྲི་བ་ལས་རིང་དུ་བརྒལ་ཅིང་། བརྩེ་སེམས་འོ་མཚོ་དྭངས་མ་ལས་དྲང་བདེན་དང་བརྟན་སྲུང་གི་བདུད་རྩི་ནམ་ཡང་འབབ་བཞིན་མཆིས་སོ།།
༼ སྐལ་ཐུབ་ཀྱིས་བསྡུས་ནས་བསྒྱུར།༽
