རྨོངས་པའི་མུན་ཆེན་གསལ་མཛད་འཇམ་པའི་དབྱངས།།
འགྲོ་དྲུག་བརྩེ་བས་སྐྱོང་མཛད་སྤྱན་རས་གཟིགས།།
ལེགས་བཤད་བདུད་རྩིས་སིམ་མཛད་དགེ་བའི་བཤེས།།
སྒོ་གསུམ་དགེ་ལ་སྦྱོར་བར་གུས་པས་འདུད།།
མེས་པོའི་སྲོལ་བཟང་བསྣམས་ནས་སློབ་གྲྭ་རུ་ཆས་ཤིང་།།
རང་གི་འགན་འཁྲི་བཏེགས་ནས་སློབ་ཁང་དུ་འབྱོར་ཚེ།།
དུག་གསུམ་ཡོངས་སྤངས་ཐུགས་རྒྱུད་སློབ་མ་ལ་ཕྱོགས་ཏེ།།
སྒོ་གསུམ་ཡོངས་རྫོགས་སློབ་མའི་ཆེད་དུ་ནི་བསྔོ་མཛད།།
ཡངས་ཡངས་ཡུམ་ཆེན་གོ་ལའི་རྒྱ་ཁྱོན་ནི་ཡངས་པ།།
མང་མང་གང་ཟག་སོ་སོའི་འཇུག་སྒོ་ནི་མང་པ།།
མཚར་མཚར་ཐོན་མི་ཨ་ནུའི་མཁྱེན་དཔྱོད་ནི་མཚར་པ།
ལེགས་ལེགས་ཡབ་མེས་གོང་མའི་མཛད་རྗེས་ནི་ལེགས་པ།།
མཛེས་མཛེས་གནས་བཅུའི་ཡལ་འདབ་རྒྱས་པའི་ལྡིང་ཁང་མཛེས།།
མཆོག་མཆོག་ཤེས་རིག་གཏེར་ཆེན་མངའ་བའི་བཤེས་གཉེན་མཆོག།
བཟང་བཟང་ཐོས་བསམ་རྒྱ་མཚོར་ཞུགས་པའི་སློབ་མ་བཟང་།།
སྐྱིད་སྐྱིད་དཔེ་ཀློག་གདངས་དབྱངས་སྙན་པའི་སློབ་ར་སྐྱིད།།
ཕ་ས་ཁབ་ཏུ་སྒོམ་ལ་བདག་སྐྱོང་ལེགས་པོ་བྱེད།།
མི་རིགས་སྙིང་དུ་འཆང་ལ་སྲི་ཞུ་གང་ལེགས་སྒྲུབ།།
སློབ་གྲྭ་གཞིས་སུ་བསམ་ལ་གད་བདར་ལས་ལ་འབུངས།།
དགེ་གྲོགས་ཕུ་ནུར་དགོངས་ལ་མཐུན་སྒྲིལ་ལག་རྡང་སྦྲེལ།།
སློབ་མ་བུ་ཡན་ཡིན་ན་བརྩེ་བས་རྗེས་སུ་བཟུང་།།
དཔེ་ཀློག་ཟས་ཡན་ཡིན་ན་རྟག་ཏུ་ཆད་མེད་བསྟེན།།
ཁྱིམ་བདག་གྲོགས་ཡན་ཡིན་ན་ཕྱི་ཐག་ལྷོད་མེད་བགྱིད།།
ཁྲིད་ཐབས་བླ་ཡན་ཡིན་ན་འདོར་བར་མི་བྱེད་གཅེས།།
འཇིག་རྟེན་ཞི་མཐུན་མཐུན་སྤྱད་སློབ་གསོའི་སོན་བཏབ་ན།།
སྤྱི་ཚོགས་འཆམ་མཐུན་མཐུན་སྤྱད་སློབ་གསོའི་མྱུག་འབུས་ཤིང་།།
ཁྱིམ་ཚང་འགྲིག་མཐུན་མཐུན་སྤྱད་སློབ་གསོའི་འབྲས་སྨིན་ཏེ།།
མི་རྣམས་མཛའ་མཐུན་མཐུན་སྤྱད་སློབ་གསོའི་ལོ་ལེགས་འབྱུང་།།
ཨ་པོ་ང་ཡིན་བདེན་ན་ཐོས་བསམ་གཡུལ་ལས་རྣམ་རྒྱལ་བདེན།།
དབྱུག་པ་མདུང་ཡིན་བདེན་ན་དུག་གསུམ་རུ་དཔུང་རྩ་གཏོར་བདེན།།
ཕ་བཟང་བུ་ཡིན་བདེན་ན་དགྲ་གྲོགས་གོ་འཛོལ་མི་འབྱུང་བདེན།།
གཡག་བཟང་ཀོ་ཡིན་བདེན་ན་སྡིག་རྒན་དགའ་རབ་མིན་དེ་བདེན།།
མི་ཤེས་ཤེས་ལྟར་དགྱེས་ནས་གཞུང་བཤད་མཚང་།།
མི་མཁོ་མཁོ་ལྟར་འཛུམ་ནས་སྤྲོས་བཤད་མཚང་།།
མི་འབྱོར་འབྱོར་ལྟར་སྨྲས་ཏེ་མཁས་བཤད་མཚང་།།
མི་འཆུམས་འཆུམས་ལྟར་འཁྲུལ་ཏེ་ཉོག་བཤད་མཚང་།།
དགེ་རྒན་དགེ་རྒན་ཟེར་བ་གང་ཞེ་ན།།
རྒྱབ་རྟེན་ལུང་གི་རི་བོ་བརྟན་ཤིག་གེར།།
སྒྲུབ་བྱེད་རིགས་པའི་ཆུ་བོ་ལྷོད་དལ་ལེར།།
དམ་བཅའ་རྡོ་རྗེའི་མདུད་པ་རྒྱ་དམ་སེ་ར།།
སྡིག་རྒན་སྡིག་རྒན་ཟེར་བ་གང་ཞེ་ན།།
མ་དག་ཀུན་སློང་ཐང་མ་བཞིན་དུ་བཀྲ།།
ཕྱོགས་ལྷུང་འཐེན་འཁྱེར་སྐྱིན་ཐང་བཞིན་དུ་འཇོ།།
ལྟར་སྣང་རིགས་པ་མེ་ཏོག་བཞིན་དུ་བཞད།།
དམག་མིས་སྐུ་སྲོག་འབེན་དུ་བཙུགས་ཏེ་རྒྱལ་ཁབ་སྲུང་།།
སྨན་པས་ལྟོ་གོས་གྱོང་ལ་བསྐུར་ནས་བདེ་ཐང་སྐྲུན།།
ཕ་མས་དཀའ་བ་ཁྱད་དུ་བསད་དེ་བུ་ཕྲུག་གཉོར།།
རྒན་གྱིས་ངལ་བ་དང་དུ་བླངས་ཏེ་སློབ་མ་སྐྱོང་།།
རྒོད་རྒོད་ཕྱོགས་ཞེན་རླུང་བུ་རྒོད་ཀྱང་ཀྲོང་ངེར་འགྲེང་།།
འཁྲིགས་འཁྲིགས་གཅམ་གསག་ཡོ་ལང་འཁྲིགས་ཀྱང་སྟག་ལྟར་འགྱིང་།།
འཐིབས་འཐིབས་གཡོ་སྒྱུའི་སྨུན་ནག་འཐིབས་ཀྱང་འོད་ལྟར་འཕྲོ།།
མཐུག་མཐུག་སྒེར་སེམས་རྔམ་ཁ་མཐུག་ཀྱང་གཞན་དོན་རྩོམ།།
ཆོམ་རྐུན་གྲོགས་སུ་མ་བསྟེན་བསྟེན་ན་ཡོད་ཚད་བོར།།
འཇའ་ལ་བློ་གཏད་མ་འཚོལ་བཙལ་ན་སྙིང་པོས་དབེན།།
ནད་ལ་དཔྱད་ཁ་མ་ལོག་ལོག་ན་ཚེ་སྲོག་འཆོར།།
སྨིག་རྒྱུ་ཆུ་རུ་མ་སྒོམ་བསྒོམས་ཀྱང་སྐོམ་མི་སོད།།
སློབ་གྲྭ་བདུད་ཀྱི་བཙོན་རར་རྟག་བསྒོམས་ཤིང་།།
དཔེ་ཁྲིད་དུག་གི་འདམ་རྫབ་ལགས་བསམས་ཚེ།།
དམྱལ་བའི་ཟངས་ཀར་དངོས་སུ་འབྱོར་ངེས་པས།།
དེ་དུས་གཤིན་རྗེའི་གདོས་ཐག་གཅོད་ཐབས་བྲལ།།
སློབ་མར་གོམ་ཁ་ཕྱོགས་ཤིང་ཐུགས་ཀྱིས་ལེགས་འཚོས་ན།།
དེས་ཀྱང་མིག་གིས་བལྟས་ཤིང་སེམས་ཀྱིས་རབ་བརྟགས་ཏེ།།
བློ་ཁ་དཔེ་ཀློག་སྐྱོར་སྦྱོང་ཕྱོགས་སུ་ངང་གིས་འཁོར།།
དཔེར་ན་བྱེའུས་བདག་པོར་ཕྱིར་མིག་འཕེན་པ་བཞིན།།
ཡོན་ཏན་ལེགས་ཀྱང་གཞན་ཕན་བློ་ཡིས་མ་ཟིན་ན།།
སློབ་མར་ཕན་པར་འགྱུར་བའི་རེ་བ་ཡོངས་བྲལ་ཏེ།།
དཔེར་ན་སྨན་གྱི་རྒྱལ་པོ་སྦྲུལ་གྱིས་བསྐོར་འདྲ་བས།།
གཞན་གྱི་སྙུན་ནད་གདིང་ནས་འཇོམས་རེ་བྱིས་པའི་བློ།།
ཝ་སྐྱེས་རྒྱལ་པོར་བསྐོས་ཀྱང་བརྒྱལ་དུས་ཤེས་འགྱུར་ཞིང་།།
ཁྱི་རྒན་སེང་གེར་རློམ་ཡང་འཐབ་དུས་རྟོགས་འགྱུར་ལ།།
བོང་བུ་གཟིག་ལ་བརྫུས་མཐར་གཞན་གྱིས་བསད་གྱུར་པས།།
ཐོས་བསམ་སྒོམ་གསུམ་དགེ་རྒན་དམ་པའི་རྒྱགས་སུ་གཅེས།།
ལ་ལའི་ཙན་དན་ལ་ལར་གོ་གཡོག་དང་།།
ལ་ལའི་གོས་ཆེན་ལ་ལར་ཐབ་ཕྱིས་དང་།།
ལ་ལའི་བདུད་རྩི་ལ་ལར་དུག་ཏུ་མངོན།།
ལ་ལའི་ཚེར་མས་ལ་ལའི་བཀྲེས་སེལ་འདྲ།།
རྒྱུ་སྐར་བཀྲ་ཡང་ཟླ་བར་འགྲན་མི་བཟོད།།
སྡོང་པོ་མང་ཡང་ཙན་དན་ཏོག་ཏུ་སྣང་།།
གང་ཟག་མོད་ཀྱང་མཁས་པ་རྒྱན་དུ་མཛེས།།
དངོས་པོ་མང་ཡང་དཔེ་ཆ་ནོམ་དུ་མངོན།།
ཐོས་བསམ་སྒོམ་གསུམ་གྱི་ལ་ཆེན་ལ་ཆུང་མ་བརྒྱུད་པར།།
འཆད་རྩོད་རྩོམ་གསུམ་གྱི་བདེ་མོའི་ཐང་ལ་ཇི་ལྟར་འབྱོར།།
བདེན་བཟང་མཛེས་གསུམ་གྱི་དཔའ་མཛངས་མི་ལྡན་པར།།
མཁས་བཙུན་བཟང་གསུམ་གྱི་གསེར་ཁྲིར་བཞུགས་ཀྱང་ཁྲེལ།།
དགེ་རྒན་ཤེལ་སྐྱོགས་བཟང་པོས་ལེགས་བཤད་རོ་བཅུད་ཕུན་ཚོགས་སྩོལ།།
སྡིག་རྒན་སྙིགས་གཞོང་ངན་པར་ལ་ལུང་ཉ་ཉོག་མང་སྤུངས་པ།།
ན་མཉམ་དགེ་རྒན་རྣམས་ལ་ནོངས་པའི་ཚོགས་ཤིག་ལྡན་འགྱུར་ཚེ།།
མཁྱེན་ལྡན་མཁས་པའི་ཚོགས་ཀྱིས་མི་ཁྲེལ་མཐོལ་ལོ་བཤགས།།
༼ གཅན་གླག་མིག། ༽
