国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགེ་རྒན་ལགས་ དུས་ཆེན་བསུ།

མཚར་སྡུག་ཉི་ཟླའི་རྒྱན་དུ་སྤུད།

ལྷག་བསམ་གངས་ཀྱི་ལྷུན་པོ་བརྗིད།

ཡིད་འོང་ཤེས་བྱའི་ལང་ཚོ་མཛེས།

དེ་ལས་ཀྱང་ཉམས་དགའ་བ་ནི།

ཉིན་མཚན་བལྟོས་མེད་ཀྱི་ཕྱི་མིག་སྐྱེས་

ས་སློབ་མ་དག་ཡིན་ཞིང་།

དཀའ་སྡུག་གི་འཚོ་བའི་ཁྲོད་དུ་གཅེས་པའི་

སྲོག་དབུགས་ཤོར་ཀྱང་།

ཕངས་སེམས་མེད་པའི་ཨ་མའི་བརྩེ་བ་

དྭངས་མ་ལྡན་ཡོད།

ཁྱེད་ཀྱི་ཚོར་འདུའི་ནང་དུ་སློབ་མ་

ངེད་ཚོའི་བདེ་སྡུག་ཡོད།

ཁྱེད་ཀྱི་ཤེས་རིག་ཀློང་དུ་སློབ་མ་

ངེད་ཚོའི་རེ་བ་ཡོད།

ཁྱེད་ཀྱི་སློབ་གསོའི་དབུས་ན་སློབ་མ་

ངེད་ཚོའི་མདུན་ལམ་ཡོད།

སྒེའུ་ཁུང་ཕྱི་ནང་།

རྒྱ་སྒོའི་ཕྱི་ནང་།

ཕ་སྐད་མ་ཡིག་གི་དབྱངས་རྟ་སྙན་མོའི་

རང་སྒྲ་འདི་ཁྱེད་ཀྱི་གཟི་བརྗིད་ཡིན།

འཛམ་གླིང་གི་མཁས་པའི་མཚན་སྙན་

འདི་ཁྱེད་ཀྱི་བྱིན་རླབས་ཡིན།

དེ་རིང་ནི་ཁྱེད་ཀྱི་དུས་ཆེན་ཡིན།

དེ་རིང་ནི་ཁྱེད་ཀྱི་དགའ་སྐྱིད་ཉིན་བཟང་ཡིན།

དེ་རིང་ནི་ང་ཚོས་ཁྱེད་ཀྱི་དཀའ་དྲིན་

དྲན་པའི་དུས་ཚིགས།

དེ་རིང་ནི་ཁྱེད་ཉིད་ངལ་གསོ་

གནང་བའི་དུས་སྐབས་ཡིན།

རྒན་ལགས་ཁྱེད་ནི་ལས་ཀྱིས་གནང་བའི་

ང་ཚོའི་ཕ་མ་གཉིས་པ་ཏེ།

དྲན་པའི་ཁྲོད་ན་བརྟན་དུ་བརྗེད་པ་

མེད་པའི་དབྱར་གྱི་སྤང་རྒྱན་མེ་ཏོག་ཡིན།

ད་དུང་ཁྱེད་ཀྱི་བཀའ་དྲིན་རྒྱ་མཚོ་ལས་ཟབ་ལ།

རི་བོ་ལས་ཀྱང་བརྟན་ཞིང་བརྗིད།

སྨྲ་བསམ་བརྗོད་མེད་ཀྱི་རང་སྒྲ་ཡིན།

ང་ཚོའི་གློ་སྙིང་གྲོད་གསུམ་གྱི་བསླུ་མེད་དད་ཅིང་།

ཁྱེད་ཉིད་ང་ཚོའི་ཆེད་དུ་སྐུ་ལས་ཁག་སོང་།

སྙིང་ཁུང་རུས་པའི་སྟེང་ནས་ཁྱེད་ཀྱི་

དུས་ཆེན་དགའ་བ་འབུམ་གྱིས་བསུ་མ་ཞུ།

༼ ཨ་ཀྲོང་ཚུ་མུ་སྲོང་། ༽