国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མི་ཉག་རྡོ་ར་དཀར་མོར་གེ་སར་ཟློས་གར་འཁྲབ་སྟོན་བྱས།

སྤྱི་ཟླ9པའི་ཚེས7ནས་ཚེས10ཉིན་བར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་དང་མི་ཉག་རིག་གནས་བརྒྱུད་འཛིན་དར་སྤེལ་གཏོང་བ་གཙོ་དོན་དུ་བྱས་པའི་མི་ཉག་དམངས་སྲོལ་རིག་གནས་དུས་སྟོན་སྐབས་བཞི་པ་མི་ཉག་རྡོ་ར་དཀར་མོར་འཚོགས་པ་རེད། ཉིན་ཤས་རིང་ལ་རྟ་རྒྱུག་དང་སྐྱ་རྩལ། གླུ་གར་འཁྲབ་སྟོན། ལྷ་མོ་ཟློས་གར་དང་གེ་སར་ཟློས་གར་སོགས་མི་ཉག་ས་གནས་ཀྱི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་ཞིང་། དམངས་སྲོལ་རིག་གནས་ཀྱི་མཛེས་སྡུག་འདི་དག་གིས་ཕྱོགས་ཀྱི་མགྲོན་པོའི་ཡིད་ཀྱི་དང་བ་འདྲེན་པས་བསྟོད་བསྔགས་ཀྱི་མེ་ཏོག་ཕུལ་ཡོད་པ་རེད།

གེ་སར་ཟློས་གར་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་གར་སྟེགས་སུ་འཁྲབ་སྟོན་བྱེད་པའི་སྲོལ་དར་ཞིང་།མདོ་ཁམས་གཉིས་ཀྱི་ས་ཆ་མང་པོར་དུས་ཆེན་དང་དགའ་སྟོན་སོགས་ཀྱི་སྐབས་སུ་འཁྲབ་སྟོན་བྱེད་བཞིན་ཡོད། ད་ཐེངས་ཀྱི་བྱེད་སྒོར་འཁྲུངས་གླིང་མེ་ཏོག་ར་བ་དང་། རྟ་རྒྱུག་ནོར་བུ་ཆ་བདུན། ཧོར་གླིང་གཡུལ་འགྱེད། སྟག་གཟིག་ནོར་འགྱེད་སོགས་ཡོད་ལ། གེ་སར་མི་ཡུལ་དུ་བྱོན་ནས་དགྲ་འདུལ་གཉེན་སྐྱོང་དང་། མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་ཀྱི་མཛད་བཟང་བསྐྱངས་ནས། བདེ་སྐྱིད་ཁྱིམ་གཞིས་བསྐྲུན་པའི་དཔའ་བོའི་གཏམ་རྒྱུད་བརྗོད་ཡོད་ལ། འཁྲབ་གོས། འཁྲབ་ཆས། གར་སྟབས། མཛེས་བཟོ། དབྱངས་རྟ། ཉམས་འགྱུར། དེ་མིན་ཁྱད་ཆོས་ལྡན་པའི་སྐད་བརྡ་སོགས་ཀྱིས་མི་སྣའི་སྣང་བརྙན་བཞེངས་བསྐྲུན་བྱས་ཡོད། གླིང་སེང་ཆེན་མི་ཡི་ཉི་མའི་དཔའ་བོའི་རྟོགས་བརྗོད་རིང་མོ་འདི་ནི་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བའི་རྣམ་པ་གཙོ་བོ་ཞིག་ཡིན་པར་མ་ཟད།འཆད་ན་རྫོགས་རྒྱུ་མེད་པའི་སྲིད་པའི་གཏམ་རྒྱུད་རིང་མོ་ཞིག་དང་འཁྲབ་ན་ཟད་དུ་མེད་པའི་ཟློས་གར་གྱི་གཏེར་མཛོད་ཆེན་མོ་ཞིག་ཀྱང་ཡིན། འདིར་མི་ཉག་རྡོ་ར་དཀར་མོའི་གེ་སར་ཟློས་གར་ཚོགས་པས་འཁྲབ་སྟོན་བྱས་པའི་གེ་སར་ཟློས་གར་འདི་ལ་ལྟད་མོ་ཐེངས་ཤིག་བལྟ།།( ཨོ་རྒྱན་དོན་གྲུབ་དང་བློ་ཐུབ་བསྟན་གྱིས་བྲིས་ཤིང་པར་བླངས།)